ས་སྐྱའི་བླ་མ་ཀུན་དགའ་བཟང་པོ་མཆོག་ནི་རབ་བྱུང་དྲུག་པའི་ཆུ་ཁྱི་ ( ༡༣༨༢ ) ལོར་ཡབ་དཔོན་ཚང་གྲུབ་པ་ཡོན་ཏན་དང་ཡུམ་བསོད་ནམས་དཔལ་ལྡན་ཞེས་པ་གཉིས་ཀྱི་སྲས་སུ་དཔལ་ས་སྐྱར་སྐུ་འཁྲུངས། དགུང་ལོ་དྲུག་པར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་སྦྱོང་བར་མཛད། དགུང་ལོ་དགུ་པར་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་རིམ་བཞིན་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ནས་དགེ་སློང་དང་། བྱང་སེམས། གསང་བ་སྔགས་ཀྱི་སྡོམ་པ་ཡང་དག་པར་བཞེས། མདོ་སྔགས་ཀྱི་ཆོས་མ་ལུས་པ་ཐུགས་ལ་བཏགས། ཁྱད་པར་དཔལ་ལྡན་ས་སྐྱའི་ལུགས་ཀྱི་དཀྱིལ་ཆོག་དང་སྒྲུབ་ཐབས་རྣམས་ལེགས་པར་གསན་ཏེ་མཁས་པའི་སྙན་གྲགས་ཐོབ་ཅིང་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་གྱི་སྲས་ཀྱི་ཐུ་བོར་གྱུར། དགུང་ལོ་ཉེར་ལྔ་ པར་རྗེ་ཡེ་ཤེས་རྒྱལ་མཚན་སྐུ་གཤེགས་པས་ཤངས་ཆོས་འཁོར་སྒང་དང་ཞེ་དགོན་དུ་ཕེབས་ནས་ལོ་ཙཱ་བ་སྐྱབས་མཆོག་དང་གྲུབ་ཆེན་བུདྷ་ཤྲཱིའི་དྲུང་དུ་གསུང་ངག་གི་བདུད་རྩི་སོགས་སྙིང་བཅུད་ཚིམ་པར་རོལ། དེ་ནས་ས་སྐྱ་དགོན་པར་བྱོན་ཏེ་བླ་མ་གཞོན་ནུ་བློ་གྲོས་བསྟེན་ནས་དམ་ཆོས་ཡུན་རིང་གསན། གྲུབ་ཆེན་བུདྷ་ལས་གསུང་ངག་གི་བདུད་རྩི་སོགས་ཚིམ་པར་རོལ། དགུང་ལོ་ཉེར་དགུ་པ་རབ་བྱུང་བདུན་པའི་ལྕགས་སྟག (༡༤༡༠ ) ལོར་ས་བཟང་དགོན་པའི་བདག་པོ་མཛད་དེ་དགུང་ལོ་ཞེ་དགུ་བར་གདན་སར་བཞུགས། བཤད་ཁྲིད་དང་།དབང་ལུང་། སྡོམ་པ་འབོགས་པ་སོགས་ཆོས་སྦྱིན་རྒྱ་ཆེར་མཛད། དགུང་ལོ་ཞེ་བརྒྱད་པ་ས་བྱ(༡༤༢༩)ལོར་ངོར་ཆོས་སྡེ་བཏབ། དགུང་ལོ་ཞེ་དགུ་པ་ལྕགས་ཁྱི(༡༤༣༠)ལོར་ན་བཟའ་ཕུག་གི་རི་ཁྲོད་དང་། བསམ་གླིང་རི་ཁྲོད། ཨེ་ཝཾ་བཅས་ལ་ཕེབས་ནས་འཆད་ཉན་མཛད། དཔལ་ལྡན་ས་སྐྱ་བའི་རྒྱུད་མན་ངག་དང་། རྒྱུད་སྡེ་བཞིའི་བསྟན་པ་སྤྱི་ཁྱབ། ཁྱད་པར་བྱ་སྤྱོད་ཀྱི་བསྟན་པ་ལེགས་པར་དར་སྤེལ་མཛད། སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས། བཤད་སྒྲ་བཙུགས་པ་སོགས་མཛད་པས། ཨེ་ཝཾ་ཆོས་ལྡན་གྱི་གདན་ས་ཆེན་པོ་ཆགས། སྐལ་ལྡན་གྱི་སློབ་མ་ལ་མཚོན་ན་ས་སྐྱའི་གདུང་རྒྱུད་གཞི་ཐོགས་པ་ཀུན་དགའ་དབང་ཕྱུག ངོར་མཁན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་གོ་རབ་འབྱམས་པ་བསོད་ནམས་སེང་གེ པཎ་ཆེན་འབུམ་ཕྲག་གསུམ་པ། ཀུན་མཁྱེན་དགའ་སྡོང་པ།སྨར་ཁམས་པ་གྲགས་པ་བཟང་པོ་སོགས་ཀྱིས་གཙོ་བོར་གྱུར་པའི་བསྟན་འཛིན་གྱི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན། རྩོམ་པ་ལ། གསུང་ཆོས་སྒྲུབ་ཐབས་ཀྱི་སྐོར་དང་། ཐོབ་ཡིག ཆོ་ག རྣམ་ཐར།སྤྲིངས་ཡིག་སོགས་ཨེ་ཝཾ་བཀའ་འབུམ་དུ་གྲགས་པ་པོད་བཞིར་བསྡུས། མཐར་དགུང་ལོ་བདུན་ཅུ་དོན་ལྔ་ལ་ཕེབས་པ་རབ་བྱུང་བརྒྱད་པའི་མི་བྱི ( ༡༤༥༦ )ལོར་ཨེ་ཝཾ་དགོན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།

 

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།