དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པའམ། འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་ནི། ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་མཆོག་དང་། ཡུམ་མ་གཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་ས་སྐྱར་རབ་བྱུང་བཞི་པའི་ཤིང་ལུག་ལོ་སྟེ་ཕྱི་ལོ་ ༡༢༣༥ ལོར་སྐུ་འཁྲུངས། འཁྲུངས་མ་ཐག་པ་ནས་འོད་གསལ་ལ་བྱང་ཆུབ་པའི་ཡོན་ཏན་རང་ཆས་སུ་མངའ་བས་ཀུན་གྱིས་མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་རྣལ་མ་ཡིན་པའི་ངེས་པ་རྙེད། རྒྱ་བོད་སོགས་ཀྱི་ཡི་གེ་དང་རྩིས་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་དུ་མ་མ་བསླབས་པར་མཁྱེན་པས་དེ་ལྟར་ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་ཞུས་པ་ན། ཆོས་རྗེ་ས་པཎ་གྱི་ཞལ་སྔ་ནས། ཡི་གེ་དང་སྐད་ལ་སོགས་པ་འདི་དག་འདི་ཙམ་ན་ཤེས་ཀྱིན་འདུག་འདི་ཙམ་ན་མི་ཤེས་བྱ་བ་ནི་མཐའ་རྟོགས་པར་དཀའ། འོན་ཀྱང་འདི་ལ་ནི་ཡོན་ཏན་འདི་དག་དང་། འདིས་བས་ཆེས་རྨད་དུ་བྱུང་བ་དུ་མ་མངའ་སྟེ་དེ་དག་ཐམས་ཅད་ལྷུན་གྱིས་གྲུབ་པའོ་ཞེས་གསུངས་པ་ལྟར་དགུང་ལོ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་རིག་པའི་གནས་ལྔ་ལ་དཀའ་ཚེགས་ཆེན་པོ་མ་དགོས་པར་མཁྱེན།

སྐུའི་དགུང་ལོ་བཞི་པ་ནས་ས་སྐྱ་པཎྜི་ཏ་ཉིད་ལ་མངའ་བའི་དབང་དང་བྱིན་རླབས་ཀྱི་བཀའ་དུ་མ་དང་མན་ངག་དང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་བུམ་པ་གང་བྱོའི་ཚུལ་གྱིས་བཞེས། སྒོ་རུམ་གྱི་ཉི་ཟེར་ལ་ན་བཟའ་དང་འཁོར་གསུམ་བཀལ་བ་ལ་སོགས་པའི་སྐུ་ཡི་རྫུ་འཕྲུལ་བསྟན་པས་འཕགས་བོད་གྲུབ་པའི་དབང་ཕྱུག་མཐའ་དག་གི་ཁེངས་པའི་རྒྱུད་འགུགས་པར་མཛད།མཁྱེན་རབ་ཀྱི་དབང་ཕྱུག་འཇམ་མགོན་ས་སྐྱ་པཎྜི་ཏ་ལ་མཁན་པོ་ཞུས། དགེ་བའི་བཤེས་གཉེན་ཟུལ་ཕུ་བ་ལ་སློབ་དཔོན་ཞུས་ཏེ་རབ་ཏུ་བྱུང་ནས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གྱིས་ཅོད་པཎ་བརྒྱན། དགུང་ལོ་བཅུ་བཞེས་པའི་ཤིང་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ་ ༡༢༤༤ ལོར་མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས་ཁ་བ་ཅན་གྱི་དོན་འབའ་ཞིག་གི་སླད་དུ་ཐག་རིང་ཉི་མ་ཤར་ཕྱོགས་རྒྱལ་པོ་གོ་དན་གྱི་བསོད་ནམས་མགྲོན་དུ་ཕེབས་པའི་ཚེ་གཅུང་ཕྱག་ན་དགུང་ལོ་དྲུག་དང་ཟུང་དུ་འབྲེལ་ཏེ་ལྱང་ཅུ་སྡེ་བཞིར་ཕེབས་སྐབས་ཆོས་རྗེ་ས་སྐྱ་པཎྜི་ཏའི་ཕྱག་ཕྱིར་བྱོན། སློབ་མའི་ཚོགས་དང་སྐྱེ་རྒུ་ཕལ་མོ་ཆེ་ནི་ཐེག་པ་གསུམ་གྱི་ཆོས་ཀྱི་དགའ་སྟོན་གྱིས་ཡང་དག་པར་མགུ་བར་བྱས་པས་ཆོས་རྗེ་དགོངས་པ་གཞན་དོན་དུ་ཕེབས་ཟིན་པའི་རྗེས་རིམ་གྱིས་སའི་བདག་པོ་ཇི་གྱིམ་གན་ནས་རྒྱལ་རབས་ལྔ་པ་མིའི་དབང་པོ་གོ་པེ་ལའི་ཕོ་བྲང་དུ་བྱོན་ཏེ་རྒྱལ་སྲས་བཙུན་མོ་བློན་འབངས་དང་བཅས་པས་སྤྱི་བོས་ཞབས་ཀྱི་པད་མོར་གཏུགས་ཤིང་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་དུ་མ་ཞུས་ཏེ་བདག་ཉིད་ཆེན་པོ་འདི་ལ་མི་ཕྱེད་པའི་དད་པ་ཐོབ། དགུང་ལོ་བཅུ་བདུན་པ་ལྕགས་ཕག་ལོ་སྟེ་སྤྱི་ལོ་ ༡༢༥༡ ལོར་ས་པཎ་སྐུ་གཤེགས་ཁར་རང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་བདག་པོར་བསྐོས། སོག་པོའི་རྒྱལ་པོས་བསྐུལ་བ་བཞིན་ཧོར་ཡིག་འཁོར་མ་གྲུ་བཞི་མ་གསར་དུ་བསྐྲུན།

རབ་བྱུང་བཞི་པའི་ཆུ་བྱི་ལོ་སྟེ་སྤྱི་ལོ་ ༡༢༥༢ ལོར་བོད་དུ་ཕེབས། གོང་མས་འཕགས་པ་ལ་བོད་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོར་བསྐོས་པའི་འཇའ་ས་མུ་ཏིག་མ་ཕུལ། དེའི་ཕྱི་ལོར་ས་སྐྱར་བྱོན། བོད་དུ་ལོ་ངོ་གསུམ་བཞུགས་རིང་ལ་ཁ་ཆེའི་པཎྜི་ཏ་ཤྲཱི་ཏ་ཐཱ་ག་ད་བྷ་དྲ་དང་། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་སོགས་མཁན་ཆེན་ཉི་ཤུ་ལྷག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་པོ་གསན།   དེ་ནས་གོང་མའི་བཀའ་ལྟར་སླར་རྒྱ་ནག་ཏུ་ཕེབས།

དགུང་ལོ་བཅུ་དགུར་ཕེབས་པ་ཆུ་གླང་ལོ་སྟེ་སྤྱི་ལོ་ ༡༢༥༣ ལོར་ཧུ་པེ་ལ་ (གོ་པེ་ལ) སེ་ཆེན་ཧན་གྱིས་གདན་དྲངས་ཏེ་ཧོར་གྱི་བླ་མཆོད་མཛད། ལོ་དེར་ས་པཎ་གྱི་སྐུ་གདུང་ངོ་མཚར་ཅན་བྱོན་པས་རྒྱལ་པོ་ཧུ་པི་ལི་སོགས་དད་ནས་འཕགས་པ་ལ་དབང་ཞུས་པས། ཐོག་མར་རྒྱལ་པོ་གཙོས་མི་ཉི་ཤུ་རྩ་ལྔ་ལ་གསང་སྔགས་ཀྱི་དབང་གནང་། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་དང་། ཏི་ཤྲཱིའི་གོ་གནས། གཡང་ཊི་ལས་བྱས་པའི་ཐམ་ག་བཅས་ཕུལ། དབང་ཐེངས་གཉིས་པ་གནང་བའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་གྱི་སྲིད་དབང་ཡོངས་རྫོགས་ཕུལ་ནས་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀའི་དབང་གི་བདག་པོར་བསྐོས།   དེ་ལྟར་རྒྱལ་པོས་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་རྒྱལ་པོ་དགྱེས་པ་རྡོ་རྗེའི་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ལན་གསུམ་བཞེས་པའི་དང་པོའི་དུས་སུ་བོད་ཀྱི་ཁྲི་སྐོར་བཅུ་གསུམ་ལ་སོགས་པ་དང་། གཉིས་པའི་དུས་སུ་བོད་ཆོལ་ཁ་གསུམ་ལ་སོགས་པ་དང་། གསུམ་པའི་དུས་སུ་རྒྱའི་མི་ཡུར་ཆེན་མོ་དང་མ་སྐྱེས་དགྲའི་གདུང་བསྐལ་གྱི་བདེ་བར་གཤེགས་པའི་འཕེལ་གདུང་ལ་སོགས་པ་རྣམས་ཆོས་སྤྲིན་དུ་ཕུལ་ལོ།།

དེས་ན་རྒྱའི་མི་ཡུར་ཆེན་མོ་བཅད་པའི་བདག་རྐྱེན་ལས་མི་ཁྲི་འབུམ་མང་པོར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བླ་ན་མེད་པར་སྩལ་བའི་རྣམ་ཐར་འདིས་རྒྱ་དཀར་ནག་བོད་དང་བཅས་པའི་སྐྱེ་རྒུ་མཐའ་དག་གི་རྒྱུད་འགུགས་པར་བྱས་པའི་རྒྱུ་རྐྱེན་ལས་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ཞེས་བྱ་བའི་སྙན་པའི་གྲགས་པས་སྟེང་གི་ཕྱོགས་ཀུན་ཁྱབ། ནམ་ཞིག་གི་ཚེ་རྒྱལ་པོའི་གསུང་གིས། བོད་འབངས་ཐམས་ཅད་ས་སྐྱ་པའི་ཆོས་ལུགས་ལས་གཞན་བྱེད་དབང་མེད་པའི་ལུང་འབུད་གསུངས་པ་ལ་རང་རང་གི་ཆོས་ལུགས་གང་ཡོད་སྐྱོང་དུ་འཇུག་པ་ཅིས་ཀྱང་དགོས་ཞེས་གསུངས་པའི་བཀའ་དྲིན་ལས་དེང་བར་བཀའ་རྙིང་ལ་སོགས་ཆོས་བརྒྱུད་སྣ་ཚོགས་འགྲོ་བའི་དཔལ་མགོན་དོན་དུ་བཞུགས་པ་ནི་འཕགས་པ་རིན་པོ་ཆེའི་སྐུ་དྲིན་ཁོ་ན་རུ་འཁུམས་སོ།།

དགུང་ལོ་ཉེར་གཅིག་པ་ཤིང་ཡོས་ལོ་སྟེ་སྤྱི་ལོ་ ༡༢༥༥ ལོར་སྙེ་ཐང་མཁན་ཆེན་གྲགས་པ་སེང་གེའི་དྲུང་དུ་དགེ་སློང་གི་སྡོམ་པ་བཞེས།   རབ་བྱུང་ལྔ་པའི་ས་སྦྲུལ་ལོ་སྟེ་སྤྱི་ལོ་ ༡༢༦༩ ལོར་ཧོར་ཡིག་གསར་པ་གཏན་ཕབ་ཀྱིས་ཕུལ་ཏེ་རྗེས་སུ་ཐང་གའི་ཐོག་བེད་སྤྱོད་བྱེད་སྲོལ་ཡོད། དགུང་ལོ་སོ་དྲུག་པ་ལྕགས་རྟ་ལོ་སྟེ་སྤྱི་ལོ་ ༡༢༧༠ ལོར་སླར་ཡང་རྒྱལ་པོ་ལ་གསང་སྔགས་ཀྱི་དབང་གནང་བའི་ཡོན་དུ་ཤེལ་དམ་གླིང་དྲུག་མ་དང་། གནམ་གྱི་འོག ས་ཡི་སྟེང་ན་རྒྱ་གར་ལྷའི་སྲས་པོ། སྤྲུལ་པའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏི་ཤྲཱི་ཞེས་པའི་འཇའ་ས་དང་གོ་གནས་ཕུལ། མེ་བྱི་ལོ་སྟེ་སྤྱི་ལོ་ ༡༢༧༦ ལོར་སླར་བོད་དུ་ཕེབས་ནས་ས་སྐྱའི་ཆོས་རྒྱལ་མཛད་ཅིང་། གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་ཕྲག་བདུན་ལ་བསྙེན་བཀུར་ཏེ་ཆུ་མིག་ཆོས་འཁོར་མཛད།

 

དེ་ལྟར་མགོན་པོ་དེ་ཉིད་ཀྱིས་གདན་ས་ཐེངས་གཉིས་མཛད་པའི་དང་པོ་ནི། ཤིང་མོ་གླང་ལོ་སྟེ་ཕྱི་ལོ་ ༡༢༦༥ ནས་མེ་ཕོ་སྟག་ལོ་སྟེ་ཕྱི་ལོ་ ༡༢༦༦ བར་དང་། གཉིས་པ་མེ་ཕོ་བྱི་ལོ་སྟེ་ཕྱི་ལོ་ ༡༢༧༦ ནས་ལྕགས་ཕོ་འབྲུག་ལོ་སྟེ་ཕྱི་ལོ་ ༡༢༨༠ བར་དུ་མཛད། མདོར་ན་དགུང་ལོ་གསུམ་བཞེས་པའི་ཚེ་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཆེན་པོ་གྲུབ་ཆེན་མཚོ་སྐྱེས་ཀྱིས་མཛད་པ་ལ་སོགས་དང་། གསང་སྔགས་ཀྱི་ཆོས་སྐོར་དུ་མ་གསུངས་པའི་དུས་དེ་ནས་བཟུང་། རྒྱ་དང་། ཧོར། འཇང་། ཡུ་གུར། མི་ཉག་ལ་སོགས་སྐལ་ལྡན་སྣོད་དུ་རུང་བའི་འགྲོ་བ་མ་ལུས་པ་ཐེག་པ་ཆེན་པོར་བཀོད་ཅིང་། བདེ་བ་གཤེགས་པའི་བསྟན་པ་རིན་པོ་ཆེ་ཉིན་བྱེད་ཀྱི་སྣང་བ་ལྟར་ཆེས་ཆེར་གསལ་བར་མཛད་དེ་མཐར་དགུང་གྲངས་ཞེ་དྲུག་བཞེས་པ་རབ་བྱུང་ལྔ་པའི་ལྕགས་འབྲུག་ལོ་སྟེ་ཕྱི་ལོ་ ༡༢༨༠ ལོར་ལྷ་ཁང་བླ་བྲང་དུ་སྐུ་གཤེགས་པའི་ཚུལ་བསྟན་པ་བཅས་སོ།

ཡོང་ཁུངས། དབུས་གཙང་རིག་མཛོད།