ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནི།   ཡབ་འཁོན་དཔལ་ཆེན་འོད་པོ་ཆེ﹙རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང﹚དང་ཡུན་མ་ཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༡༨༢ ལོར་ས་སྐྱར་སྐུ་འཁྲུངས།   མཚན་ལ་དཔལ་ལྡན་དོན་གྲུབ་གསོལ།   སྐུ་ཤིན་ཏུ་གཞོན་པའི་དུས་ནས་ཡབ་དགེ་བའི་བཤེས་གཉེན་གྱི་དྲུང་དུ་ཡི་གེའི་འབྲི་ཀློག་དང་གསང་སྔགས་ཀྱི་དབང་ཁྲིད་མན་ངག་དུ་མ་དང་གསོ་བྱེད་ཀྱི་གཞུང་མན་ངག་འགའ་ཞིག་ཀྱང་གསན།   ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་རྒྱལ་མཚན་དུ་གསོལ།   ཁུ་བོ་དེ་ཉིད་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པར་གསན་ཅིང་།   གསོ་བྱེད་སྐོར་ཡང་ཡན་ལག་བརྒྱད་པའི་རྩ་འགྲེལ་སོགས་གསན།   ཞུ་དོན་རྡོ་རྗེ་སྐྱབས་ལས་བྱམས་ཆོས་སྡེ་ལྔ་སོགས་ལུང་གི་ཆོས་སྐོར་དང་།   རྨ་བྱ་བྱང་བརྩོན་དང་མཚུར་སྟོན་གཞོན་ནུ་སེང་གེ་ལས་ཚད་མ།  སྤྱི་བོ་ལྷས་པ་བྱང་ཆུབ་འདོ་ལས་གདམས་པ་སྣ་ཚོགས་གསན་ཏེ་སྡེ་སྣོད་ཐབས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཤིང་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ།   དགུང་ལོ་ཉེར་གསུམ་པ་སྟེ།   སྤྱི་ལོ༡༢༠༤ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ཕེབས་པ་དང་མཇལ།   དགུང་ལོ་ཉེར་བདུན་པ་སྟེ།   སྤྱི་ལོ་༡༢༠༨ལོར་ཁ་ཆེ་པཎ་ཆེན་ལས་བསྙེན་པར་རྫོགས། ཁ་ཆེ་པཎ་ཆེན་དང་ཁོང་གི་སློབ་མ་སདྒྷ་ཤྲཱི་དང་ད་ན་ཤཱི་ལ་ལས་རིག་པའི་གནས་བཅུ་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པས།   གངས་རིའི་ཁྲོད་དུ་པཎྜི་ཏའི་མཚན་སྙན་ཐོབ་པའི་མཁས་པ་དང་པོར་གྱུར།   འཕྲོག་བྱེད་དགའ་བོ་སོགས་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་ཀྱི་སྟོན་པ་དྲུག་རྩོད་པས་ཚར་བཅད་དེ་རལ་བའི་ཁུར་བྲེགས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད།   དགུང་ལོ་སོ་ལྔ་པ་སྟེ།   སྤྱི་ལོ ༡༢༡༦ ལོར་དཔལ་ལྡན་ས་སྐྱའི་ཁྲིར་ཕེབས་ཏེ་ཁྲི་ཐོག་ལྔ་པར་གྱུར།    ས་སྐྱའི་བཞི་ཐོག་བླ་བྲལ་གསར་བཞེངས་དང་།   སྐུ་གསུང་ཐུགས་ཀྱི་རྟེན་ཡང་མང་པོ་བཞེངས་པར་མཛད།  བསམ་ཡས་ཀྱི་རྗེ་བོ་ཤཱཀྱ་མགོན་གྱིས་བསམ་ཡས་སུ་གདན་དྲངས་པས་ཕེབས་ཏེ།   དཔལ་བསམ་ཡས་ཀྱི་གདན་སར་བཞུགས།  བསམ་ཡས་གཙུག་ལག་ཁང་གི་བྱང་ངོས་ཀྱི་གྱང་ལྡེབས་སུ་འཇམ་དབྱངས་གྱི་སྐུ་བརྙན་ངོ་མཚར་ཅན་ཕྱག་བྲིས་གནང་།སྡོམ་བརྩོན་དམ་པ་ཞེས་པའི་བོད་ཀྱི་རི་མོ་གྲགས་ཅན་དེའང་རྗེ་ས་པཎ་འདི་པས་ཕྱག་བྲིས་གནང་བའོ།།

དགུང་ལོ་རེ་གསུམ་པ་སྟེ།   སྤྱི་ལོ ༡༢༤༤ ལོར་ཧོར་གོ་དན་གྱི་གདན་ཞུ་འབྱོར་བས།  སངས་རྒྱས་ཀྱི་བསྟན་པ་དང་སྐྱེ་འགྲོའི་བདེ་ཐབས་ཀྱི་དོན་དུ་སྐུ་ན་སྨིན་པ་དང་།  བཤུལ་ཐག་རིང་བ།  ཧོར་དམག་གི་གསེབ་ཏུ་འགྲོ་དགོས་པ་སོགས་ལ་ཇི་མི་སྙམ་ཞིང་།  སྐུ་དང་སྲོག་ལའང་ལྟོས་པ་མེད་པའི་ཐུགས་སྐྱེད་རླབས་པོ་ཆེ་བཞེས་ཏེ།   སྐུ་དབོན﹙གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱི་སྲས﹚འགྲོ་མགོན་འཕགས་པ་དང་ཕྱག་ན་རྡོ་རྗེ་གཉིས་དང་བཅས་ཏེ་ལམ་དུ་ཆས།   དགུང་ལོ་དྲུག་ཅུ་རེ་ལྔ་པ་སྟེ།   སྤྱི་ལོ ༡༢༤༦ ལོའི་ཟླ༨པར་བྱང་ཕྱོགས་ལིང་ཆུའི﹙ད་ལྟའི་ཀན་སུའུ་ཞིང་ཆེན་ཝུ་ཝེ་ས་ཁུལ་གནས་ཡུལ་འགུ་ཚང་གྲོང་བརྡལ﹚ཡུལ་དུ་འབྱོར།   སྤྱི་ལོ ༡༢༤༧ ལོར་གོ་དན་དང་འཕྲད།   གོ་དན་དང་ཆོས་དང་འཇིག་རྟེན་གྱི་གསུང་གླེང་མང་པོ་གནང་ཞིང་།  གོ་དན་གྱི་ཤ་ཁྲའི་ནད་བཅོས་པས་གོ་དན་ཆོས་རྗེ་ས་པཎ་ལ་དད་པར་གྱུར།  ཡུ་གུར་གྱི་མཁས་པས་ལོ་ཙཱ་བྱས་ཏེ་རྒྱལ་བློན་འཁོར་འབངས་དང་།   རྒྱ་ཡུལ།  ཡུ་གུར།  མི་ཉག་སོགས་ཡུལ་གྲུ་དུ་མའི་སྐྱེ་བོ་མང་པོ་ལིང་ཆུར་འདུས་པ་ལ་སྐྱབས་འགྲོ་ཐེག་ཆེན་སེམས་བསྐྱེད་སོགས་བཀའ་ཆོས་མང་པོ་ལན་དུ་མར་གསུངས་པ་སོགས་མཛད་འཕྲིན་བཟང་པོ་རྒྱ་ཆེར་སྤེལ་ནས།   བོད་ཀྱི་རིག་གནས་ཀྱི་ས་བོན་ཆེན་པོ་ཧོར་གྱི་ཡུལ་ལ་གཏོར།   རི་བོ་རྩེ་ལྔར་ཡང་ཕེབས་ནས་དེ་ན་གནས་པའི་སྒོམ་ཆེན་མང་པོ་ལ་མདོ་སྔགས་ཀྱི་ཆོས་འདོད་པ་དང་མཐུན་པ་གནང་།   དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པའི་ཡི་གེ་ཞེས་པ་སྤྲིངས་ཤིང་།   ཐབས་མཁས་ཀྱི་མཛད་པ་ལ་བརྟེན་ནས་བོད་ཁམས་ཞི་འཇགས་སུ་གནས་ཐབས་མཛད།  འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་།   འུ་ཡུག་པ་རིག་པའི་སེང་གེ    ཞང་བཙུན་མདོ་སྡེ་དཔལ།  དགེ་བཤེས་ཤཱཀྱ་བཟང་པོ་སོགས་མཁས་གྲུབ་ཀྱི་བུ་སློབ་མང་དུ་བྱུང།  ཆོས་རྗེ་ས་པཎ་གྱི་བརྩམས་ཆོས་ལ།   སྡོམ་གསུམ་རབ་དབྱེ་དང་།   ཚད་མ་རིག་གཏེར།   ཐུབ་པའི་དགོངས་པ་རབ་ཏུ་གསལ་བ།   གཞུང་ལུགས་ལེགས་པར་བཤད་པ།  སྡེབ་སྦྱོར་མེ་ཏོག་ཆུན་པོ།   ཚིག་གི་གཏེར།  མཁས་པའི་ཁ་རྒྱན།   ཟློས་གར་རབ་དགའི་འཇུག་པ།  སྒྲ་ལ་འཇུག་པ།   ས་སྐྱ་ལེགས་བཤད།  མཁས་པ་འཇུག་པའི་སྒོ།  རོལ་མོའི་བསྟན་བཅོས་སོགས་པོད་གསུམ་བཞུགས།   ༡༩༩༢ ལོར།   བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་གསུང་འབུམ་པོད་གསུམ་ག་དཔེ་སྐྲུན་བྱས་ཡོད།  གསུང་འབུམ་གྱི་པར་ཤིང་སྡེ་དགེ་དཔར་ཁང་ཆེན་མོར་བཞུགས་ཤིང་།  གསུང་འབུམ་པོད་གསུམ་གར་མ་འདུས་པའི་བརྩམས་ཆོས་སྐོར་ཞིག་ས་སྐྱ་གོང་མ་རྣམ་ལྔའི་གསུང་སྔར་གྱི་གསུང་འབུམ་གྱི་གྲས་སུ་མེད་པ་དག་དང་ལྷན་ཅིག་ཏུ་བསྡུས་ཏེ་པོད་གསུམ་དུ་བྱས་ནས་ས་སྐྱ་དགོན་པར་པར་དུ་བཏབ་ཡོད།   འདི་ཉིད་ཀྱི་འགྱུར་ལ།  བཀའ་འགྱུར་དུ།   རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་བིརྱཏྟ་མ་འབུམ་སྡེའི་དུམ་བུ།  དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད།   འཕགས་པ་གསང་བ་ནོར་བུའི་ཐིག་ལེ་ཞེས་བྱ་བའི་རྒྱུད།  འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ་ལེའུ་ཉི་ཤུ་རྩ་ལྔ་པ།   བསྟན་འགྱུར་དུ། མཁས་པ་ཆེན་པོ་གྲགས་པ་རྒྱལ་མཚན་ལ་བསྟོད་པ།   གསང་བ་འདུས་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ།  ཟུང་དུ་འཇུག་པ་གསལ་བ་ཞེས་བྱ་བ་དབང་གི་བྱ་བ་ཤོ་ལོ་ཀ་ཕྱེད་དང་བརྒྱད་བརྒྱ་པ།  །ཚོགས་ཀྱི་འཁོར་ལོའི་ཆོ་ག་སོགས་མང་དུ་བཞུགས་སོ།

རྗེ་འདི་པས་མདོ་སྔགས་རིག་གནས་སྤྱི་དང་།  །ལྷག་པར་རྣམ་འགྲེལ་སོགས་ཚད་མའི་འཆད་ཉན་བོད་ལ་དར་བར་མཛད།  སྙན་ངག་མེ་ལོང་ཐོག་མར་བོད་སྐད་དུ་བསྒྱུར་ཅིང་།  །བོད་ཀྱི་རོལ་མོའི་གཞུང་ལུགས་ཐོག་མ་བརྩམས་ལ།  །བོད་ལ་ལེགས་བཤད་ཅེས་པའི་རྩོམ་ལུས་ཀྱི་སྲོལ་ཕྱེ།

རྒྱལ་དབང་ལྔ་པ་ཆེན་མོས“བོད་ལ་གནས་ལྔ་རིག་པའི་སྲོལ་འབྱུང་བ་འདི་ཉིད་ཀྱི་བཀའ་དྲིན་ཡིན”ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།  །ས་སྐྱའི་གོང་མ་རྣམ་ལྔ་ལས་དམར་པོ་རྣམ་གཉིས་ཀྱི་ཡ་གྱལ་དང་།  གངས་རིའི་ལྗོངས་ཀྱི་འཇམ་དབྱངས་རྣམ་གསུམ་གྱི་དང་པོར་འདྲེན།  །ཆོས་རྗེ་འདི་པ་ནས་བརྩམས་ཏེ་བོད་ཀྱི་ཆོས་བྱེད་རབ་བྱུང་རྣམས་ལས་ཁག་ཅིག་ཆོས་ཁོ་ན་དོན་དུ་གཉེར་བ་དང་།   ཁག་ཅིག་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འཕྲིན་སྐྱོང་བ་སྟེ།  མཛད་འཕྲིན་སྐྱོང་ལུགས་མི་འདྲ་བ་གཉིས་བྱུང་ཞིང་། “བོད་ཀྱི་མཁས་བཙུན་བཟང་པོ་རྣམས།  །བླ་མཆོད་ཚུལ་དུ་ཁྲིད་ནས་འགྲོ།   །”ཞེས་པའི་ལུང་བསྟན་དུས་ལ་བབས།

དེ་ལྟར་ཆོས་རྗེ་འདི་པ་ནི་ཆོས་སྲིད་ལུགས་གཉིས་ཀྱི་ཆ་ནས་མཛད་འཕྲིན་རླབས་ཆེ་ཞིང་།  །བོད་ལ་སྐུ་དྲིན་ཤིན་ཏུ་ཆེ།  དགུང་ལོ་བདུན་ཅུ་པ་སྟེ།   སྤྱི་ལོ་ ༡༢༥༡ལོར་ལིང་ཆུ་རུ་སྐུ་གཤེགས་ཤིང་།  །སྐུ་གདུང་ད་ལྟའང་དེ་གར་བཞུགས།   རྣམ་ཐར་ཞིབ་མོ་ནི་འགྲོ་མཁན་ཆོས་རྒྱལ་འཕགས་པས་མཛད་པའི་ས་སྐྱ་པཎ་ཆེན་གྱི་རྣར་ཐར་དང་།  །ས་པཎ་གྱི་དངོས་སློབ་མཁན་ཆེན་རིན་ཆེན་དཔལ་གྱིས་མཛད་པའི་ས་སྐྱ་པཎྜི་ཏ་ཆེན་པོའི་རྣམ་ཐར།  །ས་སྐྱ་བདག་ཆེན་ཨ་མེས་ངག་དབང་ཀུན་དཀའ་བསོད་ནམས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད།  །རིན་སྤུངས་ངག་དབང་འཇིག་གྲགས་ཀྱི་ས་པཎ་རྟོགས་བརྗོད་བསྐལ་བཟང་ལེགས་ལམ་བཅས་སུ་གསལ།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།