རྗེ་བཙུན་གྲགས་པ་རྒྱལ་མཚན་ནི་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང་།  ཡུམ་མ་གཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་མེ་ཡོས(༡༡༤༧)ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་སྐུ་བལྟམས།  དགུང་ལོ་བརྒྱད་ནས་བཅུ་གཉིས་བར་ཡབ་ཀྱི་དྲུང་དུ་གསན་སྦྱོང་གནང་བ་དང་།  དགུང་ལོ་བརྒྱད་ཀྱི་ཐོག་བྱང་སེམས་ཟླ་བ་རྒྱལ་མཚན་མདུན་ནས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་བཞེས།  དགུང་ལོ་བཅུར་སོན་སྐབས་སྡོམ་པ་ཉི་ཤུ་པ་དང་།  སྒྲུབ་ཐབས་མཚོ་སྐྱེས་གསན་ཆུད་མཛད།  དགུང་ལོ་བཅུ་གཉིས་ཐོག་གདུལ་བྱ་གཞན་ལ་འཆད་སྤེལ་གནང་བས་ཀུན་གྱིས་བློ་གྲོས་ཆེན་པོ་ཞེས་མཚན་གསོལ།  དགུང་ལོ་བཅུ་གཉིས་པའི་མཇུག་ལ་ཡབ་གཤེགས།  བཅུ་གསུམ་ཐོག་རང་གི་གཅེན་བསོད་ནམས་རྩེ་མོས་ས་སྐྱའི་གདན་སར་བསྐོ་བཞག་བསྩལ།  དེ་ནས་བཟུང་གཅེན་བསོད་ནམས་རྩེ་མོ་སོགས་མཁས་གྲུབ་ཀྱི་དམ་པ་དུ་མར་གུས་པས་བསྟེན་ཏེ། ཀྱེ་རྡོར་རྩ་རྒྱུད་སོགས་མདོ་སྔགས་ཀྱི་དབང་ལུང་དུ་མ་གསན་བསམ་མཛད།  ཁོང་སྐུ་ཆུང་དུས་ནས་བཟུང་དགེ་བའི་བཤེས་གཉེན་དེ་དག་ལ་གུས་པས་ཉེ་བར་བསྟེན་ཅིང་ཅི་གསུང་བཀའ་བཞིན་བསྒྲུབས།  ཐ་ན་ཀྱལ་ཀའི་ཕྱིར་ཡང་གསུང་མི་བཟློག་དེ་ལྟར་དམ་པ་དེ་དག་ལ་བསྟེན་ནས་ཉིན་མཚན་དབྱེར་མེད་དུ་ཤེས་བྱའི་གནས་ལ་སྦྱོང་བ་ལྷུར་བཞེས་གནང་། ཉེ་འཁོར་གྲྭ་སློབ་རྣམས་ཀྱིས་མཐོང་ཚུལ་ལའང་།  ཡར་ན་ཐུགས་དམ་མཛད།  ཡང་ན་གཞུང་ལུགས་ལ་གཟིགས།  ཡང་ན་ཆོས་འཆད་ཉན་མཛད་པ་ལས་རྣམ་གཡེང་དང་དོན་མེད་དུ་བཞུགས་པ་སུས་ཀྱང་མཐོང་མ་མྱོང་བར་གྲགས།

 

དེ་ནས་མི་རིང་བར་གཞུང་ལུགས་རབ་འབྱམས་ཀུན་ལ་དཔྱིས་ཕྱིན་པའི་གོ་བ་ཚུགས།  ཞལ་ནས་འདི་ལྟར་གསུངས་པར་གྲགས་ཏེ། ཐོས་རྒྱ་ཅན་མ་ཡིན་ཡང་། མཐོང་རྒྱ་ཅན་ཡིན།  བཀའ་སྡེ་སྣོད་ཀྱི་ཆོས་ལ་མ་བལྟས་པ་མེད་གསུངས་སོ། སྐུ་ཚེ་ཕལ་ཆེ་བར་ལོག་པར་སྨྲ་བའི་ཕྱོགས་རྣམས་ཆོས་དང་མཐུན་པའི་སྒོ་ནས་ཚར་བཅད།  གདུལ་བྱ་སློབ་མ་རྣམས་ལ་གང་ལ་གང་འདོད་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་གདམས་པ་རྒྱ་ཆེར་བསྩལ། གང་གསུངས་པའི་ཆོས་དེ་དག་ཀྱང་ཚིག་དག་པ་དོན་གསལ་བ་གསུང་སྙན་པས་ཁྲིད་སྟབས།  སློབ་མ་རྣམས་ཀྱིས་དོན་དཀའ་ཚེགས་མེད་པར་རྟོགས་པ་ནི་རྗེ་འདི་པའི་ཁྱད་ཆོས་བླ་ན་མེད་པ་ཡིན།  དེ་ལྟར་འཆད་ཉན་འགྱིས་པས་དབུས་གཙང་ཁམས་གསུམ་དུ་མཁས་པའི་སྙན་གྲགས་ཀྱིས་ཁྱབ་བོ།  །

 

ཞལ་སློབ་གཅུང་པོ་བགུག་ཤི་ཇོ་འབུམ།  མི་ཉག་རྒྱལ་རྒོད་ཀྱི་བླ་མཆོད་ལ་མངགས།  བླ་བྲེ་ཤ་བ་མ་སོགས་འབུལ་ནོད་རྒྱ་ཆེར་བྱུང་།  དབུ་རྩེ་རྙིང་མར་གྲགས་པའི་གཙུག་ལག་ཁང་ཆེན་པོ་དང་།  འཁོན་དཀོན་མཆོག་རྒྱལ་པོའི་ནང་རྟེན་གསེར་གྱི་གདུང་ཁང་དང་།  རྗེ་ས་ཆེན་གྱི་ནང་རྟེན་བཀྲ་ཤིས་སྒོ་མང་། གཅུང་གི་ནང་རྟེན་གསེར་སྐུ་རྣམས་ཁྱད་འཕགས་གསར་བཞེངས་མཛད།  དེ་དག་གི་དྲུང་དུ་མཆོད་མེ་མཚན་ཐུབ་བརྒྱ་རྩ་དང་།  གདུགས་རྒྱལ་མཚན་སོགས་ཡོ་བྱད་དུ་མས་བཀང་།  གཞན་ཡང་གསེར་བྲིས་པའི་བཀའ་འགྱུར་ཆེན་མོ་བཞེངས།  གསེར་དངུལ་ལས་བཞེངས་པའི་འབུམ་ཆ་སུམ་བརྒྱ་ལྷག་པ་བྱུང་བ་ལ།  ཆ་བརྒྱ་ལྷག་གཙུག་ལག་ཁང་དུ་བཞགའཕྲོས་རྣམས་བསྟན་པ་རྒྱས་པའི་ཕྱིར་དུ་རིས་མེད་ཀྱི་དགོན་སྡེ་དང་དགེ་བཤེས་རྣམས་ཀྱི་ཕྱག་ཏུ་ཕུལ།  ས་སྐྱ་ལ་དགེ་འདུན་བརྒྱ་ཕྲག་རེ་ལ་སྒྲུབ་མཆོད་བཙུགས།  ཕྱག་ཏུ་ནོར་གང་བྱུང་བ་དེས་རྟེན་བཞེངས་དང་དབུལ་ཕོངས་རྣམས་ལ་སྦྱིན་གཏོང་མཛད། སྐུ་གཤེགས་དུས་ན་བཟའ་ཕྲུག་གཅིག་ལས་གཞན་ཡོ་བྱད་བྲེ་གང་རི་བའང་མེད་པ་གཞན་ཕན་ཁོ་ན་ལྷུར་བཞེས་གནང་བ་འདིས་བྱང་ཆུབ་སེམས་དཔའ་ཡིན་པར་མངོན་སུམ་དུ་མཚོན་ཐུབ། དགུང་ལོ་སོ་བདུན་པར་ཕེབས་དུས་གཅེན་བསོད་ནམས་རྩེ་མོ་སྐུ་གཤེགས་དགོངས་རྫོགས་སོགས་ལེགས་པར་ཕུལ།

 

ལེགས་པར་བཤད་པའི་བསྟན་བཅོས་བརྩམས་པ་ཡང་ཐུན་མོང་མ་ཡིན་པར་ལམ་འབྲས་བརྒྱད་པའི་གསོལ་འདེབས་དང་།  བརྟག་གཉིས་འགྲེལ་པ་སོགས་དུ་མ་དང་།  ཐུན་མོང་བ་སྤྱོད་འཇུག་གི་ས་བཅད་སྨན་དཔྱད་རྒྱལ་པོའི་དཀོར་མཛོད།  སྨྲ་སྒོ་མཚོན་ཆའི་མཆན་འགྲེལ།  འཇམ་དཔལ་དཔའ་བོ་གཅིག་སྒྲུབ་ཀྱི་དཔེ་བྲིས་སོགས་ཆོས་ཚན་བརྒྱ་དང་བཅུ་བཞི་ལྷག་མཛད།  གསུང་རྩོམ་དེ་དག་ཀྱང་ཚིག་སྡེབ་སྦྱོར་ལྷུར་བཞེས་མ་གནང་བར་དོན་གསལ་བར་བཤད་པ་ཁོ་ནལྷུར་བཞེས་སྟབས།  གོ་བདེ་ཞིང་གོ་རིམ་མ་འཆོལ་བས་མཁས་པ་རྣམས་ཀྱི་ཡིད་དབང་མེད་ཏུ་འཕྲོག་པའི་བསྟན་བཅོས་ཤ་སྟག་ཡིན།

 

སྐུ་ཚེ་ཧྲིལ་པོ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱིས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་དང་།  དགུང་གྲངས་བཅུ་གསུམ་ནས་བདུན་ཅུའི་བར་བགྲང་བྱ་ལྔ་བཅུ་རྩ་བདུན་ལ་དཔལ་ས་སྐྱའི་གདན་ས་བསྐྱངས།  འདི་གདུང་རབས་འགའ་ཞིག་ན་དགུང་ལོ་ཉེར་དྲུག་པ་ནས་བདུན་ཅུའི་བར་ལོ་ཞེ་ལྔ་གདན་ས་མཛད་པར་ཡང་འཁོད་འདུགགང་ལྟར་ཡང་ཆོས་དང་སྲིད་ཀྱི་བྱ་བ་གང་ཐད་ནས་ཕན་ལ་ལྷུར་བཞེས་གནང་།  ལུང་རྟོགས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱིས་མཛད་རྗེས་བླ་ན་མེད་པ་བཞག་ཡོད།

 

མཐར་དགུང་ལོ་བདུན་ཅུ་ཕེབས་པ་རབ་བྱུང་བཞི་པའི་མེ་བྱི་(༡༢༡༦)ལོའི་ཟླ་བ་གཉིས་པའི་ཚེས་བཅུ་གཉིས་ལ་རེ་ཞིག་ཞིང་འདིར་སྐུའི་བཀོད་པ་བསྡུས་སོ།  །

ཐུགས་སྲས་ཀྱི་སློབ་བུ་ཡང༌།  ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་དབང་ཕྱུག་གྲགས་པ་སོགས་མཁས་གྲུབ་གཉིས་ལྡན་དང་།  སྐད་གྲགས་ཆེ་བའི་སློབ་མ་ཤིན་ཏུ་མང་ངོ༌།  །

གསུང་རྩོམ་ཡང་སྡེ་དགེ་པར་མ་ལྡེབ་རིང་པོད་བཞི་བཞུགས་ཡོད།  །

 

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།