ཆོས་འབྱུང།

རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་མཛད་རྣམ་མདོར་བསྡུས།

རྗེ་འདིའི་མཚན་གཞན་ལ།གོང་དཀར་རྡོ་རྗེ་གདན་པ་ཆེན་པོ།  རྗེ་བཙུན་འཇིགས་མེད་དཔའ་བོ།ཐུ་སྟོན་ཀུན་དགའ་རྣམ་རྒྱལ་སོགས་མང་།རབ་བྱུང་བདུན་པའི་ཆུ་ཕོ་བྱི།སྤྱི་ལོ་༡༤༣༢  ལོར།ཐོན་མིའི་གདུང་བརྒྱུད་ཡབ་རྒྱལ་བ་ཤེས་རབ་དང་།ཡུམ་དཔལ་ལྡན་རྡོ་རྗེ་བདེ་མའི་སྲས་སུ།གཡོ་རུ་གྲྭ་སྟེ་ལྷོ་ཁ་གྲྭ་ནང་དུ་སྐུ་བལྟམས།མཚན་ལ་གྲྭ་ལྔ་རྒྱལ་པོ་ཞེས་གསོལ།  ཅུང་ནར་སོན་པ་ན།སྐྱེ་བོ་གསོ་ཐིགས་དང་།ས་སྐྱ་ལེགས་བཤད་སོགས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་རྒྱ་བོད་ཀྱི་རྒྱལ་རབས་སོགས་ཡུམ་གྱིས་བཀའ་ལྟར་གསན་སྦྱོང་མཛད་ཅིང་།  ལྐོག་ཏུ་ནང་བསྟན་སྤྱི་དང་།ཁྱད་པར་ས་སྐྱ་པའི་གསུང་རབ་ལ་ཐུགས་གཉེར་མཛད།དགུང་ལོ་བཅུ་གསུམ་པར།བོད་ཀྱི་རྒྱལ་པོ་གོང་མ་གྲགས་པ་འབྱུང་གནས་ཀྱི་དྲུང་ཡར་རྒྱབ་དཔོན་ཆེན་དང་།དགུང་ལོ་བཅོ་ལྔ་པར།ཕོ་བྲང་གོང་རི་དཀར་པོའི་བདག་པོར་བྱོན་ཅིང་།འབངས་རྣམས་བྱམས་པས་བསྐྱངས་པ་དང་།བཀོད་རིས་མཛེས་པའི་ལམ་འབྲས་ཕོ་བྲང་ཞིག་ཀྱང་ཕྱག་བཏབ།  དགུང་ལོ་ཉི་ཤུ་པར།རྗེ་བཙུན་བྲག་ཐོག་པའི་དྲུང་ནས་ཡོངས་རྫོགས་དགེ་བསྙེན་དང་།བར་མ་རབ་བྱུང་མཛདཔ་དང་།པཎ་ཆེན་བྱམས་པ་གླིང་པའི་དྲུང་དུ།དགེ་ཚུལ་སློང་གི་སྡོམ་པ་མནོས་ཏེ།མཚན་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོར་གསོལ།དགུང་ལོ་སུམ་ཅུ་རྩ་གསུམ་པ། ཤིང་ཕོ་སྤྲེལ་སྤྱི་ལོ་༡༤༦༤ལོར། རྫོང་པའི་གདན་ས་གོང་དཀར་རྡོ་རྗེ་གདན་ཕྱག་བཏབ།རྗེ་བཙུན་བྲག་ཐོག་པ་ལས་ལམ་འབྲས་གཙོས་གསང་སྔགས་ཀྱི་ཆོས་སྐོར་ཕལ་ཆེར་གསན།གཞན་ཡང་།  པཎ་ཆེན་བྱམས་པ་གླིང་པ།སྟག་ཚང་ལོ་ཙཱ་བ།ཀུན་མཁྱེན་སངས་རྒྱལ་འཕེལ།གླིང་ཤེས་རབ་དཔལ་ལྡན་ལ་སོགས་གཙོ་བོར་བསྟེན་པའི་བླ་མ་ཉི་ཤུ་རྩ་བཞི་སོགས་ལས་བཀའ་དང་།རྒྱ་བོད་མཁས་པའི་གསུང་རབ་ཕལ་ཆེ་བར་མངའ་བརྙེས་པར་གྱུར།  རྗེ་འདིས།ཆུ་ཡི་གནོད་པ་བཟློག་པས།འཇིགས་མེད་དཔའ་བོ་ཞེས་མཚན་གསོལ་བ་དང་།སྒྲུབ་ཕུག་རྣམ་བཞིར་རྟགས་ཐོན་པའི་ངོ་མཚར་རྣམ་ཐར་སོགས་མངའ།རྒྱ་གར་པཎྜི་ཏ་ཨ་ལངྐ་ར་དང་།དྷརྨ་དི་པཱ་ཀ་ར་གཉིས་ཀྱང་རྗེ་འདིའི་ཞབས་ལ་གཏུགས་ཤིང་བསྟོད་པའི་རབ་བྱེད་ཀྱང་མཛད་དོ།། གསུང་རྩོམ་ལ།ཀྱེ་རྡོར་རྣམ་བཤད་ཉིན་སྣང་།རྡོ་རྗེ་གར་གྱི་བཤད་པ་ཀུན་བཟང་རོལ་པོའི་དཔུང་གཉེན།ལམ་འབྲས་འཆད་ཐབས་ཟིན་བྲིས།  རྡོ་རྗེ་ཕུར་པའི་རྣམ་བཤད་སོགས་བཀའ་འབུམ་པོད་བཞི་ཡོད་པར་གྲགས། ཞལ་སློབ་ལ།བདག་ཆེན་བསོད་ནམས་རྒྱལ་མཚན་དང་།མཁས་གྲུབ་རིག་པའི་གློག་ཕྲེང་།ཐུགས་སྲས་ཀུན་དགའ་རྒྱལ་པོ།པཎ་ཆེན་འབུམ་ཕྲག་གསུམ་པ།ཞྭ་ལུ་ཆོོས་སྐྱོང་བཟང་པོ།འབྲི་གུང་མཁན་པོ་རྣམ་རྒྱལ་མགོན་པོ་སོགས་དུ་མ་བསྐྲུན་པར་མཛད་དོ།མཐར་དགུང་ལོ་དྲུག་ཅུ་རྩ་ལྔ།མེ་ཕོ་འབྲུག་ལོ།སྤྱི་ལོ་༡༤༩༦གོང་དཀར་རྡོ་རྗེ་དུ་སྐུ་གཤེགས།   ཡོངས་ཁུངས། ནིའུ་ཡོག་དང་ནིའུ་ཇར་སི་ས་སྐྱ་བརྩེ་ཚོགས་པའི་དྲྭ་བ།

རྫོང་ཆེན་ཀུན་དགའ་རྣམ་རྒྱལ་གྱི་མཛད་རྣམ་མདོར་བསྡུས།2020-03-20T16:24:39+00:00

ཚར་ཆེན་བློ་གསལ་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།

རབ་བྱུང་བརྒྱད་པའི་ཆུ་ཁྱི། སྤྱི་ལོ་༡༥༠༢ ལོར། ལྡོང་གི་རིགས་ཡབ་ཆོས་རྒྱལ་རིན་ཆེན་དཔལ་བཟང་དང། ཡུམ་བཀྲ་ཤིས་ཨ་མཚོའི་སྲས་སུ་གཙང་ལ་སྟོད་དུ་འཁྲུངས། དགུང་ལོ་བཅུ་བཞི་པར་ཡོངས་འཛིན་བློ་གྲོས་རྒྱལ་མཚན་ལས་དགེ་བསྙེན་དང། གཙང་བཀྲ་ཤིས་ལྷུན་པོའི་ཆོས་སྒོར་ཞུགས། རྒྱལ་བ་དགེ་འདུན་རྒྱ་མཚོ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། མཚན་བློ་གསལ་རྒྱ་མཚོ་གསོལ། ཆོས་རྭའི་རྩོད་གྲྭར་བཞུགས་པས་གཞན་གྱི་ང་རྒྱལ་བཅོམ་ཞིང་དད་པ་ལ་བཀོད།  སྐབས་ཤིག་ནས་ཞབས་སྙུང་བར་རྒྱལ་བ་དགེ་འདུན་རྒྱ་མཚོས། དེའི་བཅོས་ཐབས་སུ་རྡོ་རིང་པའི་དྲུང་དུ་མངག་པ་ལས། རྗེ་བཙུན་རྡོ་རིངས་པ་ཐོག་མར་མཇལ། རྗེས་སུ་ཁའུ་བྲག་རྫོང་དུ་རྗེ་བཙུན་རྣལ་འབྱོར་མའི་ལུང་བསྟན་དང་། རྗེ་རྡོ་རིངས་པའི་བཀའ་ཕེབས་པ་ལྟར་བྱོན་ཏེ། ལོ་བདུན་གྱི་བར་དུ་ལམ་འབྲས་སློབ་བཤད་ཐེངས་གསུམ་དང། ཚོགས་བཤད་ཐེངས་གཉིས། ལྷག་པར་རྗེ་འདི་ཁོ་ནར་བཞུགས་པའི་ཆིག་བརྒྱུད་མན་ངག་བཅས་དུ་མ་གསན། དགུང་ལོཉི་ཤུ་རྩ་བཞིར། འཕན་པོ་ནཱ་ལེཎྜའི་ཚོགས་ཆེན་ལ་ལམ་འབྲས་གསུངས་པར་ཀུན་གྱིས་བསྟོད་ཅིང་བསྔགས། དགུང་ལོ་སོ་གཅིག་པ། ཆུ་འབྲུག་ལོར། ཁ་ཆེ་པཎ་ཆེན་གྱི་སྡོམ་རྒྱུན་ཆོས་རྗེ་གྲགས་པ་རྒྱལ་མཚན་དང། ཆོས་རྗེ་བཀྲ་ཤིས་རྣམ་རྒྱལ་སོགས་ལས་བསྙེན་པར་རྫོགས། གཞན་ཡང་རྗེ་འདིས་བཀའ་དྲིན་ཆེ་བའི་བླ་མ་ཉེར་བདུན་དང་། མཁན་སློབ་དང་བཅས་པའི་ཡོངས་འཛིན་དྲུག་ཅུ་རེ་གསུམ་བསྟེན་ནས། ཆོས་རྗེ་ཁུ་དབོན་ལྟར་བོད་དུ་བཞུགས་པའི་ཆོས་ཕལ་ཆེར་གསན་པ་དང་། ཁྱད་པར་ས་སྐྱའི་བསྟན་འཛིན་ངོར་རྫོང་གཉིས་ཀའི་ཆོས་སྐོར་གསན་ཚུལ་ནི། ཉིད་ཀྱི་ཞལ་ནས། ཨེ་ཝཾ་པ་ནི་བསྡུས་ལ་སྤྲོས་པ་ཆུང་། །མུས་སྲད་པ་ནི་དཀར་ཆག་ཁྲིགས་ཆགས་ཅན། ། རྡོ་རྗེ་གདན་པ་འཆམ་དང་ནུས་པའི་བདག། །ཁོ་བོས་ཐོབ་པའི་ཐུན་མོང་བརྒྱུད་པ་གསུམ། ། [...]

ཚར་ཆེན་བློ་གསལ་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།2020-03-20T16:23:41+00:00

ངོར་ཆེན་ཀུན་དགའ་བཟང་པོའི་མཛད་རྣམ་མདོར་བསྡུས།

ས་སྐྱའི་བླ་མ་ཀུན་དགའ་བཟང་པོ་མཆོག་ནི་རབ་བྱུང་དྲུག་པའི་ཆུ་ཁྱི་ ( ༡༣༨༢ ) ལོར་ཡབ་དཔོན་ཚང་གྲུབ་པ་ཡོན་ཏན་དང་ཡུམ་བསོད་ནམས་དཔལ་ལྡན་ཞེས་པ་གཉིས་ཀྱི་སྲས་སུ་དཔལ་ས་སྐྱར་སྐུ་འཁྲུངས། དགུང་ལོ་དྲུག་པར་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་ཡི་གེ་འབྲི་ཀློག་སྦྱོང་བར་མཛད། དགུང་ལོ་དགུ་པར་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་རིམ་བཞིན་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་ནས་དགེ་སློང་དང་། བྱང་སེམས། གསང་བ་སྔགས་ཀྱི་སྡོམ་པ་ཡང་དག་པར་བཞེས། མདོ་སྔགས་ཀྱི་ཆོས་མ་ལུས་པ་ཐུགས་ལ་བཏགས། ཁྱད་པར་དཔལ་ལྡན་ས་སྐྱའི་ལུགས་ཀྱི་དཀྱིལ་ཆོག་དང་སྒྲུབ་ཐབས་རྣམས་ལེགས་པར་གསན་ཏེ་མཁས་པའི་སྙན་གྲགས་ཐོབ་ཅིང་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་གྱི་སྲས་ཀྱི་ཐུ་བོར་གྱུར། དགུང་ལོ་ཉེར་ལྔ་ པར་རྗེ་ཡེ་ཤེས་རྒྱལ་མཚན་སྐུ་གཤེགས་པས་ཤངས་ཆོས་འཁོར་སྒང་དང་ཞེ་དགོན་དུ་ཕེབས་ནས་ལོ་ཙཱ་བ་སྐྱབས་མཆོག་དང་གྲུབ་ཆེན་བུདྷ་ཤྲཱིའི་དྲུང་དུ་གསུང་ངག་གི་བདུད་རྩི་སོགས་སྙིང་བཅུད་ཚིམ་པར་རོལ། དེ་ནས་ས་སྐྱ་དགོན་པར་བྱོན་ཏེ་བླ་མ་གཞོན་ནུ་བློ་གྲོས་བསྟེན་ནས་དམ་ཆོས་ཡུན་རིང་གསན། གྲུབ་ཆེན་བུདྷ་ལས་གསུང་ངག་གི་བདུད་རྩི་སོགས་ཚིམ་པར་རོལ། དགུང་ལོ་ཉེར་དགུ་པ་རབ་བྱུང་བདུན་པའི་ལྕགས་སྟག (༡༤༡༠ ) ལོར་ས་བཟང་དགོན་པའི་བདག་པོ་མཛད་དེ་དགུང་ལོ་ཞེ་དགུ་བར་གདན་སར་བཞུགས། བཤད་ཁྲིད་དང་།དབང་ལུང་། སྡོམ་པ་འབོགས་པ་སོགས་ཆོས་སྦྱིན་རྒྱ་ཆེར་མཛད། དགུང་ལོ་ཞེ་བརྒྱད་པ་ས་བྱ(༡༤༢༩)ལོར་ངོར་ཆོས་སྡེ་བཏབ། དགུང་ལོ་ཞེ་དགུ་པ་ལྕགས་ཁྱི(༡༤༣༠)ལོར་ན་བཟའ་ཕུག་གི་རི་ཁྲོད་དང་། བསམ་གླིང་རི་ཁྲོད། ཨེ་ཝཾ་བཅས་ལ་ཕེབས་ནས་འཆད་ཉན་མཛད། དཔལ་ལྡན་ས་སྐྱ་བའི་རྒྱུད་མན་ངག་དང་། རྒྱུད་སྡེ་བཞིའི་བསྟན་པ་སྤྱི་ཁྱབ། ཁྱད་པར་བྱ་སྤྱོད་ཀྱི་བསྟན་པ་ལེགས་པར་དར་སྤེལ་མཛད། སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས། བཤད་སྒྲ་བཙུགས་པ་སོགས་མཛད་པས། ཨེ་ཝཾ་ཆོས་ལྡན་གྱི་གདན་ས་ཆེན་པོ་ཆགས། སྐལ་ལྡན་གྱི་སློབ་མ་ལ་མཚོན་ན་ས་སྐྱའི་གདུང་རྒྱུད་གཞི་ཐོགས་པ་ཀུན་དགའ་དབང་ཕྱུག ངོར་མཁན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་གོ་རབ་འབྱམས་པ་བསོད་ནམས་སེང་གེ [...]

ངོར་ཆེན་ཀུན་དགའ་བཟང་པོའི་མཛད་རྣམ་མདོར་བསྡུས།2020-03-20T16:22:41+00:00

ཀུན་མཁྱེན་གཡག་སྟོན་སངས་རྒྱས་དཔལ་གྱི་མཛད་རྣམ།

དཔལ་ས་སྐྱའི་གངས་ཅན་མཛེས་པར་བྱེད་པའི་རྒྱན་དགུའི་བྱེ་བྲག་མདོ་ལ་མཁས་པ་གཡག་རོང་གཞོན་གསུམ་ལས་བྱམས་མགོན་རྣམ་འཕྲུལ་གཡག་ཕྲུག་སངས་རྒྱས་དཔལ་ནི། རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པའི་ཀུན་མཁྱེན་གཡག་སྟོན་ཆེན་པོ་སངས་རྒྱས་དཔལ་ལ་རྣམ་ཐར་དང་མཐུན་པའི་བསྟོད་པ་ལས། སྔོན་ཚེ་མ་ག་དྷ་ཡི་གཙུག་ལག་ཏུ། །ལྔ་རིག་པཎ་ཆེན་བཅུ་ཡི་མཆོག་གྱུར་ཅིང་། །ཕྱོགས་བཞིའི་མུ་སྟེགས་སྟོན་པ་ཕམ་མཛད་ནས། །གངས་རིའི་ཁྲོད་འདིར་འཁྲུངས་ལ་ཕྱག་འཚལ་ལོ། །ཞེས་དང་། པཎ་ཆེན་ཤཱཀ་མཆོག་པའི་རྣམ་ཐར་ལས། ཉང་སྟོད་རབ་འབྱམས་པ་ལྷུན་གྲུབ་དཔལ་བཟང་པོའི་དགོངས་ཉམས་ལས། བདག་ཉིད་ཆེན་པོ་འདི་ནི་དབྱིག་གཉེན། ཆོས་གྲགས། རིན་ཆེན་འབྱུང་གནས་ཞི་བ་སྟེ་ཡོངས་སུ་གྲགས་པའི་ཤནྟི་བ་རྣམས་ཀྱི་སྐུའི་སྐྱེ་བར་དགོངས་ཤིང་བཀའ་སྩལ་དུ་བྱོན་པ་ལ་ཡང་ཀླན་ཀའི་གནས་མེད་པའོ། །ཞེས་གསུངས་པ་ལྟར་འཕགས་ཡུལ་གྱི་པཎ་གྲུབ་དུ་མའི་སྐུའི་སྐྱེ་བ་བརྒྱུད་མར་བཞེས་མཐར། གངས་ཅན་འཛིན་མའི་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་དུས་གསུམ་རྒྱལ་བ་ཡོངས་ཀྱི་འཇུག་ངོགས་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦས་དོན་མངོན་རྟོགས་ལྟར་དུ་བཀྲལ་བའི་བསྟན་པ་སྤེལ་སླད་བསམ་བཞིན་དུ་དགེ་བའི་བཤེས་གཉེན་གྱི་སྐུར་སྣང་བ་སྟེ། དེ་ཡང་བོད་རབ་བྱུང་དྲུག་པའི་ལྕགས་ཕོ་སྟག་གི་ལོ་སྤྱི་ལོ་༡༣༥༠ལོར་“དེང་སང་གི་མཁས་པས་བརྩམས་པའི་ལོ་རྒྱུས་ཕལ་མོ་ཆེར་ས་བྱི་ལ་འཁྲུངས་བར་བཤད་པ་པཎ་ཆེན་ཤཱཀ་མཆོག་པ་དང་མང་ཐོས་པ་སོགས་ཁུངས་ལྡན་ཡིག་ཆ་དང་མི་མཐུན་པས་ཚད་མར་གཟུང་བར་མི་བྱའོ།།” དཔལ་ལྡན་ས་སྐྱ་ནས་དཔག་ཚད་གཅིག་ཙམ་བགྲོད་པའི་གནས་མཁས་གྲུབ་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པ་ས་སྐྱ་འཕྲང་ཞེས་བྱ་བའི་གཙུག་ལག་ཁང་དང་མི་རིང་བའི་གནས་སུ། རྩེ་ཐང་ག་གི་ཆེན་པོ་བྱང་ཆུབ་རིན་ཆེན་ཞེས་བྱ་བའི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་འཁྲུངས་པ་ཡིན་ཡང་། རྣམ་པ་དེ་ཉིད་ཀྱི་ཉེ་གནས་གཡག་ཡུ་ཞེས་པའི་སྲས་སུ་ངོས་བླངས་པས་ན་གཡག་ཕྲུག་ཅེས་གྲགས་པ་སྟེ། ཀུན་མཁྱེན་རོང་སྟོན་ཆེན་པོས། དཔལ་ལྡན་ས་སྐྱར་དཔག་ཚད་བགྲོད་པའིི་གནས། །མཁས་མང་དུ་མས་བསྟེན་པའི་གཙུག་ལག་ཏུ། །རྣམ་མང་ངོ་མཚར་ལྟས་དང་བཅས་ཏེ་འཁྲུངས། །ཀུན་གྱིས་བསྟོད་པར་འོས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། ། དགུང་གྲངས་བཅུ་བཞེས་པའི་ཚེ་རྒྱལ་བའི་བསྟན་པར་རབ་དུ་བྱུང་ཞིང་དབུ་སྐྲ་གཏོར་ཚེ་ཁ་དོག་སྣ་ཚོགས་ཀྱི་འཇའ་ཤར་བ་དང་། དེ་ནུབ་མཁན་པོའི་གཟིམ་ལམ་དུ་རབ་ཏུ་གསལ་བའི་ཉི་མ་ཤར་བ་སོགས་ངོ་མཚར་བ་མང་དུ་རྨིས་པས་བསྟན་པའི་སྒྲོན་མེ་ཉིད་དུ་འགྱུར་རོ་ཞེས་པའི་ལུང་བསྟན་པ་ལྟར། དགུང་ལོ་བཅུ་གསུམ་ནས་དཔལ་ལྡན་གསང་ཕུ་རུ་ཚད་མའི་སྐོར་ལ་རྩོད་པ་བྱེད་པའི་དབུ་ཚུགས་པ་སྟེ། བསྟོད་པ་ལས། སྨྲ་བའི་དབང་ཕྱུག་ལུང་རིགས་སྨྲ་བ་པོ། །མི་འཇིགས་སྤོབས་པས་བླ་མའི་ཞབས་ལ་གཏུགས། །ཡང་དག་རིགས་པས་ཚིག་དོན་ཐོགས་མེད་མཁྱེན། །ཕ་རོལ་རྒོལ་བ་བཟློག་ལ་ཕྱག་འཚལ་ལོ། །ཞེས་དང་། [...]

ཀུན་མཁྱེན་གཡག་སྟོན་སངས་རྒྱས་དཔལ་གྱི་མཛད་རྣམ།2020-03-20T16:21:33+00:00

ཀུན་མཁྱེན་རོང་སྟོང་ཆེན་པོའི་མཛད་རྣམ་རྣམ་སྙིང་བསྡུས།

རོང་སྟོན་སྨྲ་བའི་སེངྒེ་ནི་དཔལ་ས་སྐྱའི་བསྟན་འཛིན་ཀུན་མཁྱེན་གཡང་རོང་གཉིས་ཞེས་པའི་ནང་ཚན་ཡིན་ཞིང་། ཤར་རྒྱལ་མོ་རོང་དུ་རུས་ཆེན་རྒའི་རིགས་སུ་ཡབ་བོན་པོ་གེ་གོད་རྒྱལ་པོ་དང་། ཡུམ་རྒྱ་གར་སྨན་ཞེས་བྱ་བའི་སྲས་སུ་རབ་བྱུང་དྲུག་པའི་མེ་ལུག་ ༡༣༦༧ ལོར་སྐུ་འཁྲུངས། ཡབ་ཀྱི་ཆོས་ལུགས་ལ་སྦྱངས་ཤིང་དྲང་སྲོང་གི་བརྟུལ་ཞུགས་ལེན་དུ་བཅུག་སྟེ། མཚན་ཤེས་རབ་འོད་ཟེར་ཞེས་བཏགས་ཤིང་། ལུགས་དེ་ལ་བརྟེན་པའི་མཛད་པའང་དུ་མ་བསྐྱངས། དགུང་ལོ་བཅོ་བརྒྱད་པ་ལ་དབུས་གཙང་དུ་བྱོན་ཏེ་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭར་སྒྲིག་ཞུགས་གནང་ཞིང་། གླིང་སྟོད་ཀྱི་གདན་ས་བ་རིན་ཆེན་རྣམ་རྒྱལ་གྱི་དྲུང་ནས་བྱང་ས་ནས་གསུངས་པའི་ཆོ་གས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡང་དག་པར་བཟུང་བ་དང་། རྔོག་ལོ་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་པའི་ཕྱོགས་ཀྱི་ཆོས་མང་པོ་གསན། ཀོང་སྟོན་བློ་གྲོས་དབང་ཕྱུག་གི་དྲུང་དུ། མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པ་དང་། ཚད་མ་རྣམ་ངེས། རིགས་ཐིག་ལ་སོགས་རྔོག་ལོ་ནས་བརྒྱུད་པའི་ཕར་ཚད་བསྡུས་གསུམ་དང་། དབུ་མ་རང་རྒྱུད་ཀྱི་བཤད་སྲོལ་རྔོག་ལོ་ནས་བརྒྱུད་པ་མང་དུ་གསན། དགུང་ལོ་ཉེར་གཉིས་པ་ལ་ཚད་མ་རྣམ་ངེས་ཀྱི་ཊཱི་ཀ་མཛད་ཅིང་། རྔོག་ལོ་ཆེན་པོའི་གདན་སར་སློབ་དཔོན་བློ་གྲོས་ཆོས་སྐྱོང་ལ་སོགས་པ་ཤེས་རབ་ཅན་ལྔ་ལ་ཚད་མ་རྣམ་ངེས་གསུངས་པ་ནས་བརྩམས་ཏེ་མྱ་ངན་ལས་འདས་པའི་བར་ཉིན་རེ་ལ་ཐ་ན་སློབ་མ་གཅིག་ཙམ་ལ་ཡང་གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་ཡན་ཆད་ཀྱི་ཆོས་སྦྱིན་མཛད་པར་དམ་བཅས་ཏེ། ལོ་དྲུག་ཅུ་རེ་གཉིས་ཀྱི་བར་དུ་དམ་པའི་ཆོས་ཀྱི་ཉན་བཤད་རྒྱུན་མ་ཆད་པར་མཛད་པས། སློབ་དཔོན་རོང་སྟོན་ཞེས་གྲགས། སྐབས་དེར་འཕན་ཡུལ་མཐོང་སྨོན་གྱི་གཙུག་ལག་ཁང་དུ། གྲོ་སའི་མཁན་པོ་ཆེན་པོ། མཁས་བཙུན་ཀུན་དགའ་རྒྱལ་པོས་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པའི་མཁན་པོ་མཛད། དམར་སྟོན་པས་ལས་ཀྱི་སློབ་དཔོན་མཛད། དད་པའི་དགེ་འདུན་བཅུའི་དབུས་སུ་བསྙེན་པར་རྫོགས་པ་མཛད། མཚན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོར་གསོལ།   སྐྱོར་མོ་ལུང་གི་མཁན་ཆེན་དཀའ་བཞི་པ་དང་། འཕན་ཡུལ་གྲོ་སའི་མཁན་པོ་དམར་སྟོན་པའི་དྲུང་ནས་བྱ་འདུལ་བ་འཛིན་པའི་བཤད་སྲོལ་ལྟར་དང་། འདུལ་འཛིན་ཐོག་མ་ཀ་ཆེན་པའི་བཤད་སྲོལ་བཞིན་འདུལ་བ་མདོ་ལུང་རྒྱ་ཆེར་འགྲེལ་དང་། མངོན་པ་མཛོད་མཆིམས་ལུགས་ཀྱི་བཤད་སྲོལ་ནེའུ་པཎ་ཆེན་ལས་བརྒྱུད་པ། ཐང་ཟག་པ་སྤྲུལ་སྐུ་གཞོན་ནུ་རྒྱལ་མཚན་གྱི་དྲུང་ནས་རྩ་འཇུག་བཞི་གསུམ་འགྲེལ་པ་དང་བཅས་པའི་བཤད་པ་པ་ཚབ་ལོ་ཙཱ་བའི་བཤད་སྲོལ། ལོ་བ་ཤཱཀྱ་རིན་ཆེན་གྱི་དྲུང་དུ་མངོན་པ་ཀུན་བཏུས་ཀྱི་བཤད་པ་བཅས་ལ་སྦྱངས།   [...]

ཀུན་མཁྱེན་རོང་སྟོང་ཆེན་པོའི་མཛད་རྣམ་རྣམ་སྙིང་བསྡུས།2020-03-20T16:19:55+00:00

ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་མཛད་རྣམ་སྙིང་བསྡུས།

ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་སྨར་ཁམས་སྒང་གི་ཁོངས་གཏོགས་སྨར་ཁམས་རྫོང་གི་དཀྱིལ་ཤར་ངོས་འབོམ་ཞེས་པའི་ལུང་པ་རྒྱབ་རི་གླང་ཆེན་འཕྲེད་ལ་ཉལ་འདྲ། མདུན་རི་དར་གྱི་ཡོལ་བ་ཕྱེས་འདྲ།   གཡས་རི་རྒྱལ་མཚན་བསྙིལ་འདྲ། གཡོན་རི་པད་མ་ཁ་ཕྱེས་པ་ལྟ་བུའི་ཁོར་ཡུག་གི་དབུས་སུ་འབུམ་མཚོ་ཕྱུག་མོ་ཞེས་པའི་ཉེ་འགྲམ་འབུམ་གོ་བོ་སྟེང་ཞེས་པའི་གྲོང་པ་དེར་ཕྱི་ལོ་༡༤༢༩་ལོར་སྐུ་འཁྲུངས་ཤིང་།མཚན་ལ་བསོད་ནམས་སེང་གེ་ཞེས་ཞུ། དེ་ནས་ཀུན་མཁྱེན་གོ་བོ་རབ་འབྱམས་པ་ཤེས་རབ་དཔལ་དང་། རོང་སྟོན་ཤེས་བྱ་ཀུན་རིག་བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། མུས་ཆེན་རྗེ་བཙུན་དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་བཟང་པོ་ཡབ་སྲས་སོགས་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་གསུང་རབས་སྤྱི་དང་། ལྷག་པར་དུ་དཔལ་ས་སྐྱ་གོང་མ་རྣམ་ལྔའི་གསུང་རབས་མཐའ་དག་ཁོང་དུ་ཆུད་པར་མཛད། ཕྱི་ལོ་༡༤༦༣་ལོར་འབྲས་ཡུལ་རྫོང་དཀར་སྐྱེད་ཚལ་དུ་ཀུན་མཁྱེན་སངས་རྒྱས་འཕེལ་གྱི་རྒྱལ་ཚབ་མངའ་གསོལ། དེའི་སྔ་བཞུགས་སུ་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་རྣམ་བཤད་རྒྱལ་བའི་གསུང་རབ་ཀྱི་དགོངས་པ་གསལ་བ། སོགས་གསུང་རྩོམ་དུ་མ་ལྗགས་རྩོམ་མཛད་པས་སྐུ་ན་ཕྲ་ཡང་དམ་པའི་མཚན་ཉིད་མངོན་སུམ་དུ་བསྟན་པར་མཛད ། ཕྱི་ལོ་༡༤༦༦་ལོར་༧གོང་མ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་གྱིས་སྦྱིན་བདག་མཛད་དེ་མཆོད་སྤྲིན་གྱ་ནོམ་པ་དང་བཅས་རྟ་ནག་གསེར་གླིང་དགོན་པ་ཕྱག་འདེབས་མཛད། དེར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་དཀའ་གནས་ལ་དཔྱད་པ་སྦས་དོན་ཟབ་མོ་གཏེར་ཀྱི་ཁ་འབྱེད། སོགས་གཞུང་ལུགས་ཀྱི་དཀའ་གནད་ཟབ་མོ་བཀྲལ་བའི་ལྗགས་རྩོམ་མང་དུ་མཛད། དེའི་ཚེ་ཇི་ལྟར་ཀུན་མཁྱེན་བསོད་ནམས་ཆེན་པོའི་གཟིམ་ལམ་ལ་ཤར་བ་ལྟར་དམ་པ་འདིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་དུ་བསྐོར་ཞིང་། ཧེ་བཛྲའི་རྒྱུད་ཀྱི་བསྟན་སྲུང་ཆེན་པོ་མ་ཧ་ཀ་ལ་རྡོ་རྗེ་གུར་ཀྱིས་ཀྱང་གང་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་བླངས་ནས་ཕྱག་བྱས་པ་དང་། གཙང་ཆེན་དོན་གྲུབ་རྡོ་རྗེ་དང་། དཔོན་དྲུང་གཡུང་ས་ཚེ་དབང་བཀྲ་ཤིས་སོགས་དད་ལྡན་འབྱོར་བ་ཅན་མང་པོ་རྗེས་སུ་བཟུང་། ཉམས་དང་རྟོག་པ་གོང་དུ་འཕེལ་ཞིང་ལྷག་པའི་ལྷའི་ཞལ་མཇལ་གསུང་གི་དབུགས་དབྱུང་དུ་མ་ཐོབ། ཕྱི་ལོ་༡༤༧༢་ལོར་མི་དབང་རིན་སྤུངས་བ་དོན་ཡོན་རྡོ་རྗེས་སྦྱིན་བདག་ཞུས་ནས་ཚོགས་ཀྱི་འཁོར་ལོ་ཟད་མི་ཤེས་པ་དང་ལྷན་དུ་གདན་ས་རི་ཁུད་དུ་གདན་དྲངས་ཤིང་། དགོན་པའི་མཚན་ལ་ཐུབ་བསྟན་རྣམ་པར་རྒྱལ་བ་ཞེས་གསོལ། དེའི་སྐབས་སུ་མདོ་མཁར། དགའ་བ་ཚལ་སོགས་སུ་བྱོན་ནས་སྐལ་ལྡན་གྱི་སྐྱེ་བུ་དུ་མ་ཆོས་ལ་བཀོད་ཅིང་། ཚད་མ་རིག་པའི་གཏེར་གྱི་དཀའ་བའི་གནད་རྣམ་པར་བཤད་པ་སྡེ་བདུན་རབ་གསལ། སོགས་བསྟན་བཅོས་ཀྱང་མང་དུ་བརྩམས། ཕྱི་ལོ་༡༤༧༣་ལོར་གདན་ས་རིན་ཆེན་རྩེར་གནས་སྤོས་ནས་ལྷ་ཁང་ནང་རྟེན་དང་བཅས་པ་ལེགས་པར་བཞེངས་ཤིང་། བཤད་སྒྲུབ་ཀྱི་སྡེ་ཆེན་པོ་བཙུགས། བུ་སློབ་ནམ་མཁའི་སྐར་མ་ལྟར་གྲངས་ལས་འདས་པ་ཡོད་པའི་ནང་ནས་སྲས་ཀྱི་ཐུ་བོ་གནས་ལྔ་རིག་པའི་པན་ཌི་ཏ་ཆེན་པོ་དབང་ཕྱུག་གྲུབ་པ། སོག་པོ་བཀའ་བཅུ་བ། བྱམས་པ་ཐུགས་རྗེ་དཔལ་བཟང་སོགས་མང་དུ་བྱོན། ཕྱི་ལོ་༡༤༨༣་ལོར་གདན་ས་ཨེ་ཝྃ་པའི་༼གདན་རབས་གཉིས་༽གདན་རབས་བདུན་པ་རེད་འདུག་སྙམ།རྗེ་བཙུན་བླ་མ་མུས་པ་ཆེན་པོ་དཀོན་མཆོག་རྒྱལ་མཚན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་གདན་ཚབ་ཏུ་ཇི་ལྟར་གདན་ཞུ་ནན་གྱིས་འབྱོར་བ་བཞིན་འབྱོན་དགོས་བྱུང་བས་གདན་ས་ངོར་བའི་༼ཁྲི་རབས་གསུམ་༽པར་གྱུར། བདུན་པ་ཡིན་སྙམ། དེར་བཞུགས་ཟབ་གསང་རྡོ་རྗེ་ཐེག་པའི་སྐལ་ལྡན་གྱི་སྐྱེས་བུ་མང་པོ་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། [...]

ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་མཛད་རྣམ་སྙིང་བསྡུས།2020-03-20T16:18:49+00:00

འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་མཛད་རྣམ་སྙིང་བསྡུས།

དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པའམ། འཕགས་པ་བློ་གྲོས་རྒྱལ་མཚན་མཆོག་ནི། ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་མཆོག་དང་། ཡུམ་མ་གཅིག་ཀུན་དགའ་སྐྱིད་གཉིས་ཀྱི་སྲས་སུ་ས་སྐྱར་རབ་བྱུང་བཞི་པའི་ཤིང་ལུག་ལོ་སྟེ་ཕྱི་ལོ་ ༡༢༣༥ ལོར་སྐུ་འཁྲུངས། འཁྲུངས་མ་ཐག་པ་ནས་འོད་གསལ་ལ་བྱང་ཆུབ་པའི་ཡོན་ཏན་རང་ཆས་སུ་མངའ་བས་ཀུན་གྱིས་མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་རྣལ་མ་ཡིན་པའི་ངེས་པ་རྙེད། རྒྱ་བོད་སོགས་ཀྱི་ཡི་གེ་དང་རྩིས་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་ཚུལ་དུ་མ་མ་བསླབས་པར་མཁྱེན་པས་དེ་ལྟར་ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་ཞུས་པ་ན། ཆོས་རྗེ་ས་པཎ་གྱི་ཞལ་སྔ་ནས། ཡི་གེ་དང་སྐད་ལ་སོགས་པ་འདི་དག་འདི་ཙམ་ན་ཤེས་ཀྱིན་འདུག་འདི་ཙམ་ན་མི་ཤེས་བྱ་བ་ནི་མཐའ་རྟོགས་པར་དཀའ། འོན་ཀྱང་འདི་ལ་ནི་ཡོན་ཏན་འདི་དག་དང་། འདིས་བས་ཆེས་རྨད་དུ་བྱུང་བ་དུ་མ་མངའ་སྟེ་དེ་དག་ཐམས་ཅད་ལྷུན་གྱིས་གྲུབ་པའོ་ཞེས་གསུངས་པ་ལྟར་དགུང་ལོ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་རིག་པའི་གནས་ལྔ་ལ་དཀའ་ཚེགས་ཆེན་པོ་མ་དགོས་པར་མཁྱེན། སྐུའི་དགུང་ལོ་བཞི་པ་ནས་ས་སྐྱ་པཎྜི་ཏ་ཉིད་ལ་མངའ་བའི་དབང་དང་བྱིན་རླབས་ཀྱི་བཀའ་དུ་མ་དང་མན་ངག་དང་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་བུམ་པ་གང་བྱོའི་ཚུལ་གྱིས་བཞེས། སྒོ་རུམ་གྱི་ཉི་ཟེར་ལ་ན་བཟའ་དང་འཁོར་གསུམ་བཀལ་བ་ལ་སོགས་པའི་སྐུ་ཡི་རྫུ་འཕྲུལ་བསྟན་པས་འཕགས་བོད་གྲུབ་པའི་དབང་ཕྱུག་མཐའ་དག་གི་ཁེངས་པའི་རྒྱུད་འགུགས་པར་མཛད།མཁྱེན་རབ་ཀྱི་དབང་ཕྱུག་འཇམ་མགོན་ས་སྐྱ་པཎྜི་ཏ་ལ་མཁན་པོ་ཞུས། དགེ་བའི་བཤེས་གཉེན་ཟུལ་ཕུ་བ་ལ་སློབ་དཔོན་ཞུས་ཏེ་རབ་ཏུ་བྱུང་ནས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་པའི་མཚན་གྱིས་ཅོད་པཎ་བརྒྱན། དགུང་ལོ་བཅུ་བཞེས་པའི་ཤིང་ཕོ་འབྲུག་གི་ལོ་སྟེ་སྤྱི་ལོ་ ༡༢༤༤ ལོར་མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས་ཁ་བ་ཅན་གྱི་དོན་འབའ་ཞིག་གི་སླད་དུ་ཐག་རིང་ཉི་མ་ཤར་ཕྱོགས་རྒྱལ་པོ་གོ་དན་གྱི་བསོད་ནམས་མགྲོན་དུ་ཕེབས་པའི་ཚེ་གཅུང་ཕྱག་ན་དགུང་ལོ་དྲུག་དང་ཟུང་དུ་འབྲེལ་ཏེ་ལྱང་ཅུ་སྡེ་བཞིར་ཕེབས་སྐབས་ཆོས་རྗེ་ས་སྐྱ་པཎྜི་ཏའི་ཕྱག་ཕྱིར་བྱོན། སློབ་མའི་ཚོགས་དང་སྐྱེ་རྒུ་ཕལ་མོ་ཆེ་ནི་ཐེག་པ་གསུམ་གྱི་ཆོས་ཀྱི་དགའ་སྟོན་གྱིས་ཡང་དག་པར་མགུ་བར་བྱས་པས་ཆོས་རྗེ་དགོངས་པ་གཞན་དོན་དུ་ཕེབས་ཟིན་པའི་རྗེས་རིམ་གྱིས་སའི་བདག་པོ་ཇི་གྱིམ་གན་ནས་རྒྱལ་རབས་ལྔ་པ་མིའི་དབང་པོ་གོ་པེ་ལའི་ཕོ་བྲང་དུ་བྱོན་ཏེ་རྒྱལ་སྲས་བཙུན་མོ་བློན་འབངས་དང་བཅས་པས་སྤྱི་བོས་ཞབས་ཀྱི་པད་མོར་གཏུགས་ཤིང་ཤིན་ཏུ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒོ་དུ་མ་ཞུས་ཏེ་བདག་ཉིད་ཆེན་པོ་འདི་ལ་མི་ཕྱེད་པའི་དད་པ་ཐོབ། དགུང་ལོ་བཅུ་བདུན་པ་ལྕགས་ཕག་ལོ་སྟེ་སྤྱི་ལོ་ ༡༢༥༡ ལོར་ས་པཎ་སྐུ་གཤེགས་ཁར་རང་ཉིད་ཀྱི་ཆོས་བརྒྱུད་འཛིན་པའི་བདག་པོར་བསྐོས། སོག་པོའི་རྒྱལ་པོས་བསྐུལ་བ་བཞིན་ཧོར་ཡིག་འཁོར་མ་གྲུ་བཞི་མ་གསར་དུ་བསྐྲུན། རབ་བྱུང་བཞི་པའི་ཆུ་བྱི་ལོ་སྟེ་སྤྱི་ལོ་ ༡༢༥༢ ལོར་བོད་དུ་ཕེབས། གོང་མས་འཕགས་པ་ལ་བོད་ཀྱི་ཆོས་སྲིད་གཉིས་ཀའི་བདག་པོར་བསྐོས་པའི་འཇའ་ས་མུ་ཏིག་མ་ཕུལ། དེའི་ཕྱི་ལོར་ས་སྐྱར་བྱོན། བོད་དུ་ལོ་ངོ་གསུམ་བཞུགས་རིང་ལ་ཁ་ཆེའི་པཎྜི་ཏ་ཤྲཱི་ཏ་ཐཱ་ག་ད་བྷ་དྲ་དང་། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། སྣར་ཐང་མཁན་ཆེན་མཆིམས་ནམ་མཁའ་གྲགས་སོགས་མཁན་ཆེན་ཉི་ཤུ་ལྷག་ཙམ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་པོ་གསན།   དེ་ནས་གོང་མའི་བཀའ་ལྟར་སླར་རྒྱ་ནག་ཏུ་ཕེབས། དགུང་ལོ་བཅུ་དགུར་ཕེབས་པ་ཆུ་གླང་ལོ་སྟེ་སྤྱི་ལོ་ ༡༢༥༣ ལོར་ཧུ་པེ་ལ་ (གོ་པེ་ལ) སེ་ཆེན་ཧན་གྱིས་གདན་དྲངས་ཏེ་ཧོར་གྱི་བླ་མཆོད་མཛད། ལོ་དེར་ས་པཎ་གྱི་སྐུ་གདུང་ངོ་མཚར་ཅན་བྱོན་པས་རྒྱལ་པོ་ཧུ་པི་ལི་སོགས་དད་ནས་འཕགས་པ་ལ་དབང་ཞུས་པས། ཐོག་མར་རྒྱལ་པོ་གཙོས་མི་ཉི་ཤུ་རྩ་ལྔ་ལ་གསང་སྔགས་ཀྱི་དབང་གནང་། དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་དང་། ཏི་ཤྲཱིའི་གོ་གནས། གཡང་ཊི་ལས་བྱས་པའི་ཐམ་ག་བཅས་ཕུལ། དབང་ཐེངས་གཉིས་པ་གནང་བའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་གྱི་སྲིད་དབང་ཡོངས་རྫོགས་ཕུལ་ནས་བོད་ས་གནས་ཀྱི་ཆོས་སྲིད་གཉིས་ཀའི་དབང་གི་བདག་པོར་བསྐོས།   དེ་ལྟར་རྒྱལ་པོས་རྡོ་རྗེ་ཐེག་པའི་རྒྱུད་ཀྱི་རྒྱལ་པོ་དགྱེས་པ་རྡོ་རྗེའི་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ལན་གསུམ་བཞེས་པའི་དང་པོའི་དུས་སུ་བོད་ཀྱི་ཁྲི་སྐོར་བཅུ་གསུམ་ལ་སོགས་པ་དང་། གཉིས་པའི་དུས་སུ་བོད་ཆོལ་ཁ་གསུམ་ལ་སོགས་པ་དང་། གསུམ་པའི་དུས་སུ་རྒྱའི་མི་ཡུར་ཆེན་མོ་དང་མ་སྐྱེས་དགྲའི་གདུང་བསྐལ་གྱི་བདེ་བར་གཤེགས་པའི་འཕེལ་གདུང་ལ་སོགས་པ་རྣམས་ཆོས་སྤྲིན་དུ་ཕུལ་ལོ།། དེས་ན་རྒྱའི་མི་ཡུར་ཆེན་མོ་བཅད་པའི་བདག་རྐྱེན་ལས་མི་ཁྲི་འབུམ་མང་པོར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་བླ་ན་མེད་པར་སྩལ་བའི་རྣམ་ཐར་འདིས་རྒྱ་དཀར་ནག་བོད་དང་བཅས་པའི་སྐྱེ་རྒུ་མཐའ་དག་གི་རྒྱུད་འགུགས་པར་བྱས་པའི་རྒྱུ་རྐྱེན་ལས་འགྲོ་བའི་མགོན་པོ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་ཞེས་བྱ་བའི་སྙན་པའི་གྲགས་པས་སྟེང་གི་ཕྱོགས་ཀུན་ཁྱབ། [...]

འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་མཛད་རྣམ་སྙིང་བསྡུས།2020-03-20T16:17:42+00:00

འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་དཔལ་བཟང་པོའི་མཛད་རྣམ་སྙིང་བསྡུས།

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནི།   ཡབ་འཁོན་དཔལ་ཆེན་འོད་པོ་ཆེ﹙རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་གཅུང﹚དང་ཡུན་མ་ཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༡༨༢ ལོར་ས་སྐྱར་སྐུ་འཁྲུངས།   མཚན་ལ་དཔལ་ལྡན་དོན་གྲུབ་གསོལ།   སྐུ་ཤིན་ཏུ་གཞོན་པའི་དུས་ནས་ཡབ་དགེ་བའི་བཤེས་གཉེན་གྱི་དྲུང་དུ་ཡི་གེའི་འབྲི་ཀློག་དང་གསང་སྔགས་ཀྱི་དབང་ཁྲིད་མན་ངག་དུ་མ་དང་གསོ་བྱེད་ཀྱི་གཞུང་མན་ངག་འགའ་ཞིག་ཀྱང་གསན།   ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་རྒྱལ་མཚན་དུ་གསོལ།   ཁུ་བོ་དེ་ཉིད་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པར་གསན་ཅིང་།   གསོ་བྱེད་སྐོར་ཡང་ཡན་ལག་བརྒྱད་པའི་རྩ་འགྲེལ་སོགས་གསན།   ཞུ་དོན་རྡོ་རྗེ་སྐྱབས་ལས་བྱམས་ཆོས་སྡེ་ལྔ་སོགས་ལུང་གི་ཆོས་སྐོར་དང་།   རྨ་བྱ་བྱང་བརྩོན་དང་མཚུར་སྟོན་གཞོན་ནུ་སེང་གེ་ལས་ཚད་མ།  སྤྱི་བོ་ལྷས་པ་བྱང་ཆུབ་འདོ་ལས་གདམས་པ་སྣ་ཚོགས་གསན་ཏེ་སྡེ་སྣོད་ཐབས་ཅད་ལ་མི་འཇིགས་པའི་སྤོབས་པ་བརྙེས་ཤིང་མཁས་པའི་སྙན་གྲགས་ས་སྟེང་དུ་ཁྱབ།   དགུང་ལོ་ཉེར་གསུམ་པ་སྟེ།   སྤྱི་ལོ༡༢༠༤ལོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བོད་དུ་ཕེབས་པ་དང་མཇལ།   དགུང་ལོ་ཉེར་བདུན་པ་སྟེ།   སྤྱི་ལོ་༡༢༠༨ལོར་ཁ་ཆེ་པཎ་ཆེན་ལས་བསྙེན་པར་རྫོགས། ཁ་ཆེ་པཎ་ཆེན་དང་ཁོང་གི་སློབ་མ་སདྒྷ་ཤྲཱི་དང་ད་ན་ཤཱི་ལ་ལས་རིག་པའི་གནས་བཅུ་ལ་སྦྱངས་པ་མཐར་ཕྱིན་པར་མཛད་པས།   གངས་རིའི་ཁྲོད་དུ་པཎྜི་ཏའི་མཚན་སྙན་ཐོབ་པའི་མཁས་པ་དང་པོར་གྱུར།   འཕྲོག་བྱེད་དགའ་བོ་སོགས་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་ཀྱི་སྟོན་པ་དྲུག་རྩོད་པས་ཚར་བཅད་དེ་རལ་བའི་ཁུར་བྲེགས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད།   དགུང་ལོ་སོ་ལྔ་པ་སྟེ།   སྤྱི་ལོ ༡༢༡༦ ལོར་དཔལ་ལྡན་ས་སྐྱའི་ཁྲིར་ཕེབས་ཏེ་ཁྲི་ཐོག་ལྔ་པར་གྱུར།    ས་སྐྱའི་བཞི་ཐོག་བླ་བྲལ་གསར་བཞེངས་དང་།   སྐུ་གསུང་ཐུགས་ཀྱི་རྟེན་ཡང་མང་པོ་བཞེངས་པར་མཛད།  བསམ་ཡས་ཀྱི་རྗེ་བོ་ཤཱཀྱ་མགོན་གྱིས་བསམ་ཡས་སུ་གདན་དྲངས་པས་ཕེབས་ཏེ།   དཔལ་བསམ་ཡས་ཀྱི་གདན་སར་བཞུགས།  བསམ་ཡས་གཙུག་ལག་ཁང་གི་བྱང་ངོས་ཀྱི་གྱང་ལྡེབས་སུ་འཇམ་དབྱངས་གྱི་སྐུ་བརྙན་ངོ་མཚར་ཅན་ཕྱག་བྲིས་གནང་།སྡོམ་བརྩོན་དམ་པ་ཞེས་པའི་བོད་ཀྱི་རི་མོ་གྲགས་ཅན་དེའང་རྗེ་ས་པཎ་འདི་པས་ཕྱག་བྲིས་གནང་བའོ།། དགུང་ལོ་རེ་གསུམ་པ་སྟེ།   སྤྱི་ལོ ༡༢༤༤ ལོར་ཧོར་གོ་དན་གྱི་གདན་ཞུ་འབྱོར་བས།  སངས་རྒྱས་ཀྱི་བསྟན་པ་དང་སྐྱེ་འགྲོའི་བདེ་ཐབས་ཀྱི་དོན་དུ་སྐུ་ན་སྨིན་པ་དང་།  བཤུལ་ཐག་རིང་བ།  ཧོར་དམག་གི་གསེབ་ཏུ་འགྲོ་དགོས་པ་སོགས་ལ་ཇི་མི་སྙམ་ཞིང་།  སྐུ་དང་སྲོག་ལའང་ལྟོས་པ་མེད་པའི་ཐུགས་སྐྱེད་རླབས་པོ་ཆེ་བཞེས་ཏེ།   [...]

འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་དཔལ་བཟང་པོའི་མཛད་རྣམ་སྙིང་བསྡུས།2020-03-20T16:16:40+00:00

རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་མཛད་རྣམ་སྙིང་བསྡུས།

རྗེ་བཙུན་གྲགས་པ་རྒྱལ་མཚན་ནི་ཡབ་ས་ཆེན་ཀུན་དགའ་སྙིང་པོ་དང་།  ཡུམ་མ་གཅིག་འོད་སྒྲོན་གཉིས་ཀྱི་སྲས་སུ་རབ་བྱུང་གསུམ་པའི་མེ་ཡོས(༡༡༤༧)ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ལ་སྐུ་བལྟམས།  དགུང་ལོ་བརྒྱད་ནས་བཅུ་གཉིས་བར་ཡབ་ཀྱི་དྲུང་དུ་གསན་སྦྱོང་གནང་བ་དང་།  དགུང་ལོ་བརྒྱད་ཀྱི་ཐོག་བྱང་སེམས་ཟླ་བ་རྒྱལ་མཚན་མདུན་ནས་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་བཞེས།  དགུང་ལོ་བཅུར་སོན་སྐབས་སྡོམ་པ་ཉི་ཤུ་པ་དང་།  སྒྲུབ་ཐབས་མཚོ་སྐྱེས་གསན་ཆུད་མཛད།  དགུང་ལོ་བཅུ་གཉིས་ཐོག་གདུལ་བྱ་གཞན་ལ་འཆད་སྤེལ་གནང་བས་ཀུན་གྱིས་བློ་གྲོས་ཆེན་པོ་ཞེས་མཚན་གསོལ།  དགུང་ལོ་བཅུ་གཉིས་པའི་མཇུག་ལ་ཡབ་གཤེགས།  བཅུ་གསུམ་ཐོག་རང་གི་གཅེན་བསོད་ནམས་རྩེ་མོས་ས་སྐྱའི་གདན་སར་བསྐོ་བཞག་བསྩལ།  དེ་ནས་བཟུང་གཅེན་བསོད་ནམས་རྩེ་མོ་སོགས་མཁས་གྲུབ་ཀྱི་དམ་པ་དུ་མར་གུས་པས་བསྟེན་ཏེ། ཀྱེ་རྡོར་རྩ་རྒྱུད་སོགས་མདོ་སྔགས་ཀྱི་དབང་ལུང་དུ་མ་གསན་བསམ་མཛད།  ཁོང་སྐུ་ཆུང་དུས་ནས་བཟུང་དགེ་བའི་བཤེས་གཉེན་དེ་དག་ལ་གུས་པས་ཉེ་བར་བསྟེན་ཅིང་ཅི་གསུང་བཀའ་བཞིན་བསྒྲུབས།  ཐ་ན་ཀྱལ་ཀའི་ཕྱིར་ཡང་གསུང་མི་བཟློག་དེ་ལྟར་དམ་པ་དེ་དག་ལ་བསྟེན་ནས་ཉིན་མཚན་དབྱེར་མེད་དུ་ཤེས་བྱའི་གནས་ལ་སྦྱོང་བ་ལྷུར་བཞེས་གནང་། ཉེ་འཁོར་གྲྭ་སློབ་རྣམས་ཀྱིས་མཐོང་ཚུལ་ལའང་།  ཡར་ན་ཐུགས་དམ་མཛད།  ཡང་ན་གཞུང་ལུགས་ལ་གཟིགས།  ཡང་ན་ཆོས་འཆད་ཉན་མཛད་པ་ལས་རྣམ་གཡེང་དང་དོན་མེད་དུ་བཞུགས་པ་སུས་ཀྱང་མཐོང་མ་མྱོང་བར་གྲགས།   དེ་ནས་མི་རིང་བར་གཞུང་ལུགས་རབ་འབྱམས་ཀུན་ལ་དཔྱིས་ཕྱིན་པའི་གོ་བ་ཚུགས།  ཞལ་ནས་འདི་ལྟར་གསུངས་པར་གྲགས་ཏེ། ཐོས་རྒྱ་ཅན་མ་ཡིན་ཡང་། མཐོང་རྒྱ་ཅན་ཡིན།  བཀའ་སྡེ་སྣོད་ཀྱི་ཆོས་ལ་མ་བལྟས་པ་མེད་གསུངས་སོ། སྐུ་ཚེ་ཕལ་ཆེ་བར་ལོག་པར་སྨྲ་བའི་ཕྱོགས་རྣམས་ཆོས་དང་མཐུན་པའི་སྒོ་ནས་ཚར་བཅད།  གདུལ་བྱ་སློབ་མ་རྣམས་ལ་གང་ལ་གང་འདོད་ཀྱི་མདོ་སྔགས་རིག་གནས་དང་བཅས་པའི་གདམས་པ་རྒྱ་ཆེར་བསྩལ། གང་གསུངས་པའི་ཆོས་དེ་དག་ཀྱང་ཚིག་དག་པ་དོན་གསལ་བ་གསུང་སྙན་པས་ཁྲིད་སྟབས།  སློབ་མ་རྣམས་ཀྱིས་དོན་དཀའ་ཚེགས་མེད་པར་རྟོགས་པ་ནི་རྗེ་འདི་པའི་ཁྱད་ཆོས་བླ་ན་མེད་པ་ཡིན།  དེ་ལྟར་འཆད་ཉན་འགྱིས་པས་དབུས་གཙང་ཁམས་གསུམ་དུ་མཁས་པའི་སྙན་གྲགས་ཀྱིས་ཁྱབ་བོ།  །   ཞལ་སློབ་གཅུང་པོ་བགུག་ཤི་ཇོ་འབུམ།  མི་ཉག་རྒྱལ་རྒོད་ཀྱི་བླ་མཆོད་ལ་མངགས།  བླ་བྲེ་ཤ་བ་མ་སོགས་འབུལ་ནོད་རྒྱ་ཆེར་བྱུང་།  དབུ་རྩེ་རྙིང་མར་གྲགས་པའི་གཙུག་ལག་ཁང་ཆེན་པོ་དང་།  འཁོན་དཀོན་མཆོག་རྒྱལ་པོའི་ནང་རྟེན་གསེར་གྱི་གདུང་ཁང་དང་།  རྗེ་ས་ཆེན་གྱི་ནང་རྟེན་བཀྲ་ཤིས་སྒོ་མང་། གཅུང་གི་ནང་རྟེན་གསེར་སྐུ་རྣམས་ཁྱད་འཕགས་གསར་བཞེངས་མཛད།  དེ་དག་གི་དྲུང་དུ་མཆོད་མེ་མཚན་ཐུབ་བརྒྱ་རྩ་དང་།  གདུགས་རྒྱལ་མཚན་སོགས་ཡོ་བྱད་དུ་མས་བཀང་།  གཞན་ཡང་གསེར་བྲིས་པའི་བཀའ་འགྱུར་ཆེན་མོ་བཞེངས།  གསེར་དངུལ་ལས་བཞེངས་པའི་འབུམ་ཆ་སུམ་བརྒྱ་ལྷག་པ་བྱུང་བ་ལ།  [...]

རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་མཛད་རྣམ་སྙིང་བསྡུས།2020-03-20T16:15:33+00:00

༄༅། །རྗེ་བཙུན་རིན་པོ་ཆེ་བསོད་ནམས་རྩེ་མོའ་ིརྣམ་པར་ཐར་པ་དོན་གྱི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ།།

བདེ་ལེགས་སུ་གྱུར་ཅིག བསོད་ནམས་ཡེ་ཤེས་མཐར་སོན་ཆུ་གཏེར་ལས། །ལེགས་འོང་རྒྱ་བོད་མཁས་གྲུབ་བགྲང་ཡས་ཀྱི། །གཙུག་གི་རྒྱལ་མཚན་རྩེ་མོར་ངལ་གསོ་བའི། །རྗེ་བཙུན་རིན་ཆེན་དབང་པོར་སྙིང་ནས་འདུད། །གང་གི་རྣམ་ཐར་ཡིད་བཞིན་ཆུ་མཚ􏰁་ལས། །མཐོན་པོའ་ིཆ་ཤས་དཀར་གསལ་འཁྱིལ་རིས་ཅན། །ངོ་མཚར་གཏམ་གྱི་སྒྲ་དབྱངས་ཁོ་བོས་སྨྲ། །སྐལ་བཟང་དཔྱོད་ལྡན་ཚ􏰁གས་རྣམས་མཉན་པར་བྱོས། །དེ་ལ་འདིར་རྗེ་བཙུན་ས་སྐྱ་པ་ཆེན་པོའ་ིསྲས་ཀྱི་ཐུ་བོ་མཁས་གྲུབ་ཆེན་པོ་རྗེ་བཙུན་བསོད་ནམས་རྩེ་མོའ་ིཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ཅུང་ཟད་ཙམ་བརྗོད་ན། རྗེ་བཙུན་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོས་བཙུན་མོ་གཉིས་ཁབ་ཏུ་བཞེས་པའི་ཆེ་བ་ཡུལ་ཚ་མོ་རོང་པ། རིགས་རྗེ་བཙད། མིང་མ་གཅིག་འོད་སྒྲོན་ཞེས་བྱ་བ་ལ་སྲས་གསུམ་འཁྲུངས་པའི་ཆེ་བ་བདག་ཉིད་ཆེན་པོ་འདི་ཡིན་ལ། དེ་ཡང་ཡབ་དགུང་ལོ་ལྔ་བཅུ་རྩ་གཅིག་བཞེས་པ་ཆུ་ཕོ་ཁྱིའི་ལོ་ལ། དཔལ་ལྡན་ས་སྐྱའི་ཆུ་མིག་རྫིང་ཁ་ཞེས་བྱ་བའི་གནས་སུ་ངོ་ མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། དེའི་ཚ􏰂་འཕགས་ཡུལ་མ་ག་དྷ་རྡོ་རྗེ་གདན་གྱི་སྒོའ་ིཡ་ཐེམ་ལ་འཇམ་དཔལ་གྱི་སྤྲུལ་པ་མཁན་པོ་བསོད་ནམས་རྩེ་མོ་རྡོ་རྗེ་ཐེག་པ་མཐའ་དག་གི་དབང་ཕྱུག་དམ་པ་ས་སྐྱར་སྐྱེས་སོ་ཞེས་པ་མཁའ་འགྲོ་མས་ཡི་གེར་བྲིས། དེ་ནས་ཀཽ་ཤཾ་བིའི་པཎྜི་ཏ་དེ་བ་མ་ཏིས་ཕྱོགས་ཐམས་ཅད་དུ་བསྒྲགས་པ་ལས་རིམ་པར་བརྒྱུད་དེ་བོད་ཉིད་ལས་རྩད་ཆོད་པར་གླེང་། འཁྲུངས་མ་ཐག་ཏུ་སཾ་ཀྲྀ་ཏའི་སྐད་མང་པོ་གསུང་བ་དང་། བདག་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ། །ཞེས་ལན་གཉིས་གསུམ་དུ་སྦྲེལ་ནས་གསུངས་ཤིང་། དུས་དང་རྣམ་པ་ཐམས་ཅད་དུ་སྐྱིལ་ཀྲུང་འབའ་ཞིག་བཅས་ཏེ་བཞུགས་པས་ཀུན་ངོ་མཚར་བར་གྱུར། ཆུང་ངུ་ཉིད་ནས་མ་བསླབས་པར་ཡང་ཆོས་ཀྱི་སྒོ་དུ་མ་མཁྱེན། འོད་གསལ་རྒྱུན་དུ་འཆར། ཏིང་ངེ་འཛིན་དུ་མ་ལ་མཉམ་པར་འཇོག འཕགས་ཡུལ་དུ་གྲུབ་ཆེན་མི་ཐུབ་ཟླ་བ་ལ་སོགས་པའི་པཎྜི་ཏ་ཆེན་པོ་བཅུ་གཅིག་ཏུ་རིམ་པར་བརྒྱུད་ནས་སྐྱེ་བ་བཞེས་པ་དྲན་ཏེ་གསལ་བར་གསུངས། དགུང་ལོ་ གསུམ་བཞེས་པའི་ཚ􏰂་དཔལ་ཀྱཻ་རྡོ་རྗེ། རྗེ་བཙུན་འཇམ་པའི་དབྱངས། རྗེ་བཙུན་མ་སྒྲོལ་མ་རྣམས་མངོན་སུམ་ཞལ་གཟིགས། ཀྱཻ་རྡོ་རྗེའི་རྒྱུད་གསུམ། བདེ་མཆོག་རྩ་རྒྱུད། ཀུན་ལས་བཏུས་དང་ལྔ་ཐོགས་མེད་དུ་ཐུགས་ལས་གསུངས། རང་གི་ཡབ་ལས་རྡོ་རྗེ་ཐེག་པའི་དབང་བྱིན་རླབས། རྒྱུད་ལུང་། [...]

༄༅། །རྗེ་བཙུན་རིན་པོ་ཆེ་བསོད་ནམས་རྩེ་མོའ་ིརྣམ་པར་ཐར་པ་དོན་གྱི་སྙིང་པོ་བསྡུས་པ་ཞེས་བྱ་བ་བཞུགས་སོ།།2020-03-20T16:14:22+00:00

Title

Go to Top